སྲིད་སྐྱོང་ནས་ཁ་ན་ཌའི་ནང་བཀའ་ཤག་གི་དོན་ཚན་བཅུ་ཅན་ལ་གསལ་བཤད་གང་གནང་བ་ཇི་མ་ཇི་བཞིན་ཡིག་ཐོག་ལ་ཕབ་ཡོད།

ལགས་རེད། ཕལ་ཆེར་འདི་དང་འབྲེལ་བ་ད་དུང་ཡོད་མདོག་ཁ་བོ་རེད། བྱས་ཙང་དོན་ཚན་བརྒྱད་པ་གཅིག་པོ་མ་ཡིན་པར། ངས་སྙིང་བསྡུས་བྱས་ནས་ཁ་སང་བཀའ་ཤག་གི་གསལ་བཤད་ཡོད་པ་རེད་བ། དེའི་སྒང་ལ་རྒྱབ་རྟེན་དང་བཅས་པ་ཡོད་པ་ཆ་ཚང་ཞིག་ངས་སྔོན་ལ་འགྲེལ་བཤད་བརྒྱབ་པ་ཡིན་ན་དྲི་བ་ཉུང་བ་ཡོང་ཡ་ལ་ཕན་ཀྱི་རེད་བསམ། ད་ངས་དོན་ཚན་རེ་རེ་སྒང་ལ་འགྲེལ་བཤད་བརྒྱབ་པ་ཡིན་ན་ཆ་ཚང་མ་ཚང་ཡོང་སྲིད་ཀྱི་རེད།

ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༡༡ པའི་ཕྱི་ཚེས་༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་དོན་གཅོད་ཀྱི་ལས་གནས་ནས་འཕོ་འགྱུར་གཏོང་དགོས་པའི་སྐོར་ལ་གསལ་བཤད་དོན་ཚན་བཅུ་ཅན་ཞིག་སྤེལ་ཡོད་པའི་ནང་འཁོད་དོན་དུ།
བཀའ་ཤག་ནས་ཕྱི་ཟླ་༡༡ ཚེས་༩ ཉིན་གསལ་བཤད་ཟིན་ནའང་བོད་མིའི་སྒྲིག་འཛུགས་ལ་བརྩི་མཐོང་ཆེ་བའི་མི་སྣ་ཁག་ཅིག་ཐེ་བའི་མི་མང་ཁྲོད་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ལ་བླང་དོར་བརྡ་སྟོན་ཐེངས་གསུམ་བཏང་བའི་སྐོར་གསལ་བཤད་ཞིབ་ཙམ་དགོས་གལ་འབོད་སྐུལ་རིམ་འབྱོར་བྱུང་བར།

དེ་ང་ཚོ་བཀའ་ཤག་གིས་ཤེས་ཀྱི་ཡོད་པ་རེད། ཡིན་ན་ཡང་འཛིན་སྐྱོང་གི་འགྲོ་སྟངས་ཀྱི་ཐོག་ནས་རེད་ད། དོན་གཅོད་འཕོ་འགྱུར་བྱེད་ཡ་འདུག་ག ག་དུས་ཡིན་ན་ཡང་བྱེད་སྡོད་ཀྱི་ཡོད་པ་རེད། སྔོན་མ་ཡང་བྱེད་སྡོད་ཀྱི་ཡོད་པ་རེད། འཕོ་འགྱུར་རེ་རེ་བྱས་པའི་སྐབས་ལ། ག་རེ་བྱས་ནས་འཕོ་འགྱུར་བྱེད་ཀྱི་ཡོད་རེད་འགྲེལ་བཤད་རྒྱག་པའི་ལུགས་སྲོལ་ཡོད་པ་མ་རེད་བཀའ་ཤག་གིས་རེད་ད།

ནམ་རྒྱུན་འཕོ་འགྱུར་མང་པོ་བྱེད་ཀྱི་ཡོད་པ་རེད། དེ་སྔ་ཡིན་ན་ཡང་ཨ་རིའི་དོན་གཅོད་འཕོ་འགྱུར་བྱས་ཡོད་པ་རེད། དྷི་ལིའི་དོན་གཅོད་འཕོ་འགྱུར་བྱས་ཡོད་པ་རེད། དུས་ཚོད་ཚང་ནས་འཕོ་འགྱུར་བྱེད་པ་དང་། མ་ཚང་ནས་འཕོ་འགྱུར་བྱེད་པ་རེད། འཛིན་སྐྱོང་འདི་ག་རང་གི་ནང་ལ།

དྲི་བ་བཀོད་པ་ཡིན་ཙང་དེའི་སྒང་ལ་ངས་ཞེ་དྲག་བཤད་ཀི་མིན། མི་བཤད་པའི་རྒྱུ་མཚན་ག་རེ་ཡིན་ཟེར་ན། ཆོས་རིག་བཀའ་བློན་གྱིས་སྲིད་སྐྱོང་གི་སྲིད་ཚབ་བྱེད་ཀྱི་ཡོད་པ་རེད་པ། ཁོ་རང་གི་དེ་གཞུང་འབྲེལ་དེ་ག་རང་ཆགས་བསྡད་ཡོད་པ་རེད། དེ་ཁོ་རང་བཀའ་ཤག་གི་ཚབ་བྱས་ནས། བཀའ་ཤག་གིས་གོ་བསྡུར་བྱས་ནས་གསུངས་པ་རང་རེད། དེ་འདྲ་ཡིན་དུས་དེའི་སྒང་ལ་ངས་ཐོལ་བ་རྒྱག་རྒྱུ་དང་མ་རྒྱག་པ་དེ་འདྲ་ཡོད་པ་མ་རེད། བཀའ་ཤག་གི་ཚབ་བྱས་ནས་གསུང་ཡོང་དུས། དེ་ག་རང་གནས་བསྡད་ཡོད་པ་རེད།

 ༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་དགོས་པའི་རྒྱབ་ལྗོངས་གནས་སྟངས་ཇི་ཡིན་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་དོན།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་གནད་དོན་ཐོག་བོད་མིའི་སྤྱི་ཚོགས་ཁྲོད་ལབ་གླེང་ཕྲན་བུ་ཡོང་བཞིན་ཡོད་སྟབས་དེ་རིང་ངས་རྒྱབ་ལྗོངས་གནད་དོན་གཙོ་བོ་ཁ་ཤས་ཐོག་འབྲེལ་བཤད་ཞུས་པ་བརྒྱུད་གནས་ཚུལ་གསལ་པོ་ཆགས་པའི་རེ་བ་ཡོད།

 དེ་རིང་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ ནང་གསེས་ ༣ འོག་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ (༡) བཅས་ཀྱི་དགོངས་དོན་འོག དེ་རིང་ཕྱི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ནས་ལས་འཁུར་དབུ་འཛུགས་གནང་རྒྱུ་ཡིན་འདུག འདི་གའི་གསར་འགོད་པས་བཀའ་དྲུང་ཡིག་ཚང་ལ་ཞལ་པར་ཕུལ་ཡང་ད་ལྟ་བཀའ་ཤག་ལྷན་རྒྱས་ཚོགས་འདུ་འཚོགས་བཞིན་འདུག