བོད་ཀྱི་བང་ཆེན་ ༢༠༡༥ ཟླ་བ་ ༡༡ ཚེས ༢༣ ཆུ་ཚོད ༡༡:༡༥ སྔ་དྲོ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལྷན་རྒྱས་ཀྱི་མདུན་སར།

ཆེད་ཞུ། དགོངས་མངའ་བཞིན་ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་།  སྤྱི་འཐུས་འོས་བསྡུའི་ལས་རིམ་འགྲོ་བཞིན་པ་རེད། ཐེངས་འདིའི་འོས་བསྡུའི་ལས་རིམ་ཁྲོད་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་རྣམ་པའི་གནང་ཕྱོགས་དང་།  སྤྱི་ཚོགས་ཐོག་འོས་བསྡུའི་སྐབས་གཡས་གཡོན་དུ་ལྷགས་པའི་གནས་ཚུལ་སོགས་ལ་བརྟེན་ཞུ་གཏུག་སྙན་ཞུ་འདི་འབུལ་གྱི་ཡོད། 

ང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་།  བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་ཡིད་ཆེས་བློ་གཏད་ཀྱིས།  ཐེངས་འདིའི་འོས་བསྡུ་འདི་བཞིན་བཅའ་ཁྲིམས་དང་།  འོས་བསྡུ་སྒྲིག་གཞི་གཞིར་བཟུང་ཁྲིམས་མཐུན་དང་།  དྲང་བདེན་གྱི་ཐག་གཅོད་ཅིག་སྲིད་སྤྱི་གཉིས་ཀྱི་དངོས་གཞི་འོས་གཞི་གཏན་འབེབས་མ་བྱས་གོང་དུ་བྱེད་དགོས་པའི་དགོས་འདུན་འདོན་པ་ཡིན་ལ།  ཁྲིམས་སྒྲིག་འདི་གཉིས་སུ་མ་གསལ་བའི་གང་ཟག་གིས་དབང་བསྒྱུར་བའི་ལས་དོན་གནང་ཕྱོགས་ཤིག་བྱུང་བ་ཡིན་ན།  དེ་ནི་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་སྲ་བརྟན་དང་།  རྒྱུན་གནས།  གོང་འཕེལ།  བོད་མིའི་ཆིག་སྒྲིལ་བཅས་ཡོང་བའི་གཞི་རྟེན་ཁྲིམས་ཀྱིས་དབང་བསྒྱུར་བའི་བཙན་བྱོལ་བོད་མིའི་མང་གཙོའི་རྩ་དོན་ལ་གཏོར་བརླག་གཏོང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པར་མ་ཟད།  ང་ཚོས་བཙན་བྱོལ་བོད་མིའི་མང་གཙོའི་ཁྲིམས་སྒྲིག་འདི་དག་ཆབ་སྲིད་ལངས་ཕྱོགས་གང་རུང་ཞིག་གི་ལག་ཆར་མི་འགྱུར་བའི་རེ་བ་བྱེད་ཀྱི་ཡོད་ལ།  སྡུག་ས་ནས་ཞུས་ན།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་ཚོར་མང་གཙོ་གནང་ཟིན་ན་ཡང་།  ཁྲིམས་སྒྲིག་གཞི་ལ་བཞག་པའི་མང་གཙོ་ལག་བསྟར་མ་བྱུང་བའི་གནས་བབ་འོག  བཙན་བྱོལ་བོད་མིའི་མང་གཙོ་རྩོད་ལེན་བསྐྱར་དུ་བྱེད་མི་དགོས་པའི་འགན་ཁུར་གནང་རོགས་ཞུ་བ་ཡིན་ལ།  ང་ཚོའི་ཞུ་གཏུག་སྙན་ཞུ་གནས་ཚུལ་ ༧  དང་།  དོགས་འདྲི་  ༡༨  ཅན་འདི་བོད་མི་ཚང་མས་ཤེས་ཆེད་དང་།  བཙན་བྱོལ་བོད་མིའི་བྱུང་རབས་ལོ་རྒྱུས་སུ་ཞིབ་འཇུག་གི་རྒྱུ་ཆར་གནས་ཆེད་ཡོངས་བསྒྲགས་སུ་ཕུལ་བའི་ཞུ་གཏུག་སྙན་ཞུ་ཞིག་ཡིན།  སྙན་ཞུའི་འདིར་མིང་འཁོད་ང་ཚོས་བརྡ་ལན་བཟང་པོ་ཞིག་གནང་ངེས་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།

༡༽   གནས་ཚུལ།    ཁྱེད་རྣམ་པའི་གསལ་བསྒྲགས།   ༢༠༡༥ ཟླ་ ༡༠ ཚེས་ ༡༩ ཉིན་ཁྱེད་རྣམ་པས་གསལ་བསྒྲགས་གནང་དོན་དུ། ༼དངོས་གཞིའི་འོས་གཞི་གཉིས་འདོན་རྒྱུ་ཡིན་ཞིང༌། གལ་སྲིད་གཉིས་པ་དང་གསུམ་པའི་དབར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་ཚེ་དངོས་གཞིའི་འོས་གཞི་གསུམ་འདོན་རྒྱུ་ཡིན།༽ ཞེས་གསལ་འདུག་ལ།  ༼དངོས་གཞིའི་འོས་གཞི་གཉིས་འདོན་རྒྱུ་ཡིན་༽པའི་རྒྱུ་མཚན་གསལ་གསར་ལམ་དུ་འགྲེལ་བརྗོད་གནང་དོན། ༼འོས་གཞི་གཉིས་ཤིག་བཏོན་པ་ཡིན་ན་མང་མོས་ཚད་མཐོན་པོ་ཞིག་ཏན་ཏན་ཡོང་གི་རེད་བསམ་པའི་རེ་བ་དེ་དང། མི་མང་གི་འགོ་ཁྲིད་དེ་མང་མོས་ཚད་མཐོན་པོ་ཡོང་ཐུབ་པ་ཞིག་བྱུང་ན་འགོ་ཁྲིད་ཚད་དང་ལྡན་པ་ཆགས་ཐུབ་པའི་རེ་བ་དང་དམིགས་ཡུལ་གྱི་ཐོག་ནས་འོས་གཞི་མི་གཉིས་འདོན་རྒྱུ་ཡིན་༽ཞེས་གསུངས་འདུག
དོགས་འདྲི།  ༡  འོས་བསྡུའི་སྒྲིག་གཞིའི་དོན་ཚན་གང་ཞིག་ན་མི་མང་གི་འགོ་ཁྲིད་དེ་མང་མོས་ཚད་མཐོན་པོ་ཡོང་ཐབས་བྱེད་དགོས་པའི་འགན་དབང་དབུས་འོས་བསྡུ་ལས་ཁང་ལ་ཡོད་པ་གསལ་ཡོད།
༢  སྐབས་སྔོན་མར་བཀའ་ཁྲི་དངོས་གཞི་འོས་གཞི་ལ་འོས་ཐོབ་པ་མི་གསུམ་དངོས་གཞི་ནས་དགོངས་པ་མ་ཞུས་པར་བརྟེན་དངོས་གཞི་འོས་གཞི་གསུམ་བཏོན་པ་རེད།  མི་མང་གིས་མང་མོས་བརྒྱུད་འོས་ཐོན་བྱུང་བ་རེད།  ༧གོང་ས་མཆོག་གིས་སྐུ་དབང་ཡང་རྩིས་སྤྲད་གནང་རིན་ཡོད་པ་ཞིག་ཏུ་གཟིགས་པ་རེད།  ད་ལན་སྐབས་སྔོན་མའི་སྒྲིག་མཐུན་འགྲོ་སྟངས་དེས་མ་ཆོག་པར།  མི་གཉིས་དངོས་གཞི་འོས་གཞིར་བཏོན་ན་མང་མོས་ཚད་མཐོན་པོ་ཡོང་ཐུབ་པའི་ངེས་པ་གང་ཡོད།  མི་གསུམ་དངོས་གཞི་འོས་གཞིར་བཏོན་ན་མང་མོས་ཚད་མཐོོན་པོ་ཡོང་མི་ཐུབ་པའི་ངེས་པ་གང་ཡོད།  མང་མོས་ཚད་མཐོན་པོ་ཞིག་བྱུང་ན་འགོ་ཁྲིད་ཚད་དང་ལྡན་པ་ཆགས་ཐུབ་པའི་ཁྲིམས་མཐུན་རྒྱུ་མཚན་གང་ཡོད།

༢༽  གནས་ཚུལ།  ༼འོས་སྒྲིག་དོན་ཚན་ ༦༧ ནང་གསལ་ལྟར། སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་གོ་སྐབས་སྤྲོད་ཆེད་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་འདོན་རྒྱུ་དང། དངོས་གཞིའི་སྐབས་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས།༽ཞེས་འོས་སྒྲིག་ལུང་འདྲེན་གྱིས་གསལ་བསྒྲགས་ཤིག་གནང་འདུག་པ་འདིར། འོས་བསྡུ་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་དོན་ཚན་ ༣ པའི་བརྗོད་པ་ ཀ པའི་ཚིག་འགའ་དང་། ནང་གསེས་དོན་ཚན་ ༤ པའི་ཚིག་འགའ་བཅད་གཏུབ་ཀྱིས་ལུང་དྲངས་ཏེ་ཁྲིམས་སྒྲིག་དགོངས་དོན་ཆད་ལྷག་མེད་པ་ཡིན་མདོག་གནང་འདུག
སྒྲིག་གཞི་ངོ་སྤྲོད།  བཅའ་ཁྲིམས་དོན་ཚན།  ༩༧ པ།  དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་དབང༌གི་ནང་གསེས་དོན་ཚན་ ༦ པར།  འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཇི་ཡོད་ཀྱི་ཞིབ་འཇུག་དང༌། ཐག་གཅོད་ཆ་ཚང་དབུས་འོས་བསྡུ་ལས་ཁང་ནས་བྱ་རྒྱུ།
འོས་སྒྲིག་དོན་ཚན་ ༦༧ པའི་ནང་གསེས་དོན་ཚན་ ༣ པའི་བརྗོད་པ་ ཀ ཁ ག དང་།  དོན་ཚན་ ༤ པ་བཅས་སུ།
ཀ  ་་་་་་་ འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱེད་དགོས།
ཁ  སྔོན་འགྲོ་འོས་གཞི་ནས་དགོངས་ཞུ་བྱེད་འདོད་ཡོད་རིགས་ཀྱིས་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་དགོངས་པ་ཞུ་འཁྲོལ་དགོས།
ག  ་་་་་་  དངོས་གཞིའི་འོས་གཞི་གསལ་བསྒྲགས་ཟིན་པའི་རྗེས་སུའང་འོས་ཆོས་ཚང་མིན་གྱི་ཀླན་ཀ་སྤྱི་སྒེར་སུ་ཐད་ནས་བྱུང་བའམ།  དབུས་འོས་བསྡུ་ལས་ཁང་ནས་ཤེས་རྟོགས་བྱུང་སྐབས།  ཁྲིམས་མཐུན་ཞིབ་འཇུག་གིས་སྒྲིག་དོན་གཞིར་བཟུང་གསལ་བསྒྲགས་ཟིན་པའི་འོས་གཞི་ཆ་ཚང་ངམ།  འོས་གཞི་བྱེ་བྲག་པ་སུ་རུང་ཕྱིར་འཐེན་ཆོག
དོན་ཚན་ ༤ ་་་་   དགོངས་ཞུའི་རིགས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས།
དོགས་འདྲི།   ༡ སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་འདོན་རྒྱུ་ཡིན་ན། སྲིད་སྐྱོང་གི་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་གོ་སྐབས་སྤྲོད་ཆེད་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་འདོན་རྒྱུ་ཡིན་ཚུལ་སྒྲིག་གཞི་ལུང་དྲངས་པ་ལ་དགོས་པ་གང་འདུག
༢  འོས་བསྡུའི་སྒྲིག་གཞིར་སྔོན་འགྲོ་འོས་གཞི་ནས་དགོངས་ཞུ་བྱེད་འདོད་ཡོད་རིགས་ཀྱིས་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་དགོངས་པ་ཞུ་འཁྲོལ་དགོས་ཞེས་དང་།  དགོངས་ཞུའི་རིགས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས། ཞེས་གསལ་ཡོད་པས།  སྲིད་སྐྱོང་གི་དངོས་གཞི་འོས་གཞི་ནས་དགོངས་པ་མ་ཞུས་ན་། སྒྲིག་གཞིའི་ཐོག་ནས་སྲིད་སྐྱོང་གི་འོས་གཞི་གཉིས་ལས་མང་བ་ཡོང་ཆོག་པ་གསལ་ཡོད་པས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་འདོན་རྒྱུ་ཡིན་པའི་དམིགས་བསལ་གསལ་བསྒྲགས་བྱེད་དགོས་དོན་གང་ལ་ཐུག་པ་རེད།
༣  སྲིད་སྐྱོང་གི་སྔོན་འགྲོ་འོས་ཐོབ་པ་ཞིག་དངོས་གཞི་འོས་གཞི་ནས་དགོངས་པ་མ་ཞུས་ན་། གོང་གསལ་བཅའ་ཁྲིམས་དོན་ཚན་ ༩༧ པའི་ནང་གསེས་དོན་ཚན་ ༦ པ་དང་།  འོས་སྒྲིག་དོན་ཚན་ ༦༧ ནང་གསེས་བརྗོད་པ་  ག  པའི་རིགས་ཡིན་ན་མ་གཏོགས།  དེ་མིན་བཅའ་སྒྲིག་གཉིས་ཀྱི་འབྲུ་དོན་གྱི་ཐོག་ནས་དངོས་གཞི་འོས་གཞིར་ལངས་རྒྱར་འགོག་དགོས་པའི་རྒྱུ་མཚན་སྣ་གཅིག་མེད་བཞིན། འོས་བསྡུ་ལས་ཁང་ནས་རང་འགུལ་གྱིས་དངོས་གཞི་འོས་གཞིར་སྡོད་རྒྱུར་སྔོན་འགྲོ་འོས་ཐོབ་པ་མི་གཉིས་མ་གཏོགས་གཞན་དག་དགོངས་པ་གཏོང་བའམ།  ཡང་ན་དངོས་གཞི་འོས་གཞི་ལ་ལངས་རྒྱུའི་གོ་སྐབས་འགོག་ཆོག་པའི་ཆ་རྐྱེན་ཞིག   བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་།  འོས་བསྡུའི་སྒྲིག་གཞི་གོང་འོག་བར་གསུམ་གང་ན་ཡོད་པ་གསལ་སྟོན་གནང་རོགས།
༤  སྔོན་འགྲོ་འོས་ཐོབ་མི་གྲངས་དྲུག་ནས་དངོས་གཞིའི་འོས་མིར་བཞུགས་མཁན་ག་ཚོད་ཡོད་མེད་ལ་མ་ལྟོས་པར་དངོས་གཞི་འོས་གཞི་གཉིས་འདོན་རྒྱུ་ཡིན་ཟེར་བ་ནི། བོད་ཀྱི་ཡུལ་མི་སྟོང་ཕྲག་འགའ་ཞིག་གི་མངོན་འདོད་འོས་ཤོག་འཕེན་ཡུལ་རེ་ཟུང་འགོག་འདོད་དང་།  མང་ཚོགས་ལ་གུས་བཀུར་མ་བྱས་པ་ཞིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་ཀྱི་གནད་དོན་ཞིག་དང་། ཁྲིམས་སྒྲིག་གིས་དམིགས་བསལ་བཀག་འགོག་མེད་བཞིན་དུ་དངོས་གཞིའི་འོས་གཞིར་ཞུགས་མི་བཅུག་པའི་ལས་དོན་གནང་ཕྱོགས་འདི་ནི།  ང་ཚོ་འགན་འཛིན་མི་གསུམ་གྲོས་བསྡུར་བྱས་པ་ཡིན།  ང་ཚོའི་ཐག་གཅོད་དེ་ཡིན་ཟེར་བ་ཙམ་ལ་ཐུག་གི་མི་འདུག་པས།  སྐབས་དེར་ལས་དོན་གནང་ཕྱོགས་འདི་དག་གང་ཟག་གིས་དབང་བསྒྱུར་ཆགས་སོང་ངམ། ཁྲིམས་ཀྱིས་དབང་བསྒྱུར་ཆགས་སོང་།
༣༽ གནས་ཚུལ།  སྲིད་སྐྱོང་གི་སྔོན་འགྲོ་འོས་ཐོབ་པ་༼གལ་སྲིད་གཉིས་པ་དང་གསུམ་པའི་དབར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་ཚེ་དངོས་གཞིའི་འོས་གཞི་གསུམ་འདོན་རྒྱུ་ཡིན།༽  ཞེས་གསལ་བསྒྲགས་གནང་འདུག
དོགས་འདྲི།  ༡  སྲིད་སྐྱོང་གི་སྔོན་འགྲོ་འོས་ཐོབ་པ་གཉིས་པ་དང་གསུམ་པའི་དབར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་ཚེ་དངོས་གཞིའི་འོས་གཞི་གསུམ་འདོན་རྒྱུ་ཡིན་ཟེར་བ་འདི་འོས་བསྡུའི་སྒྲིག་གཞི་དོན་ཚན་གང་གི་དགོངས་དོན་རེད།
༢   སྐབས་སྔོན་མའི་བཀའ་ཁྲིའི་དངོས་གཞིའི་འོས་མི་བློ་བཟང་སེང་གེ་ལ་འོས་གྲངས་ 22489   དང་།  བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འོས་གྲངས་ 12319  བཀྲ་ཤིས་དབང་འདུས་ལ་འོས་གྲངས་ 2101 བཅས་སྔོན་འགྲོའི་སྐབས་སུ་འོས་ཐོབ་ཡོད་པ་དང་།  དེ་སྐབས་སྲིད་སྐྱོང་གི་སྔོན་འགྲོ་འོས་ཐོབ་པ་གཉིས་པ་དང་གསུམ་པའི་དབར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་མིན་ལ་མ་གཟིགས་པར་དངོས་གཞིའི་འོས་གཞིར་བཏོན་འདུག་པས་འོས་བསྡུ་སྒྲིག་གཞི་དང་འགལ་ཡོད་དམ་མེད།
༣   ཡང་ན་ཕྱི་ལོ་ ༢༠༡༡ ལོའི་རྗེས་སུ་འོས་བསྡུའི་སྒྲིག་གཞིར་སྲིད་སྐྱོང་སྔོན་འགྲོའི་འོས་བསྡུའི་སྐབས་སུ་འོས་ཐོབ་པ་གཉིས་པ་དང་།  གསུམ་པའི་དབར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་མིན་གཟིགས་དགོས་པའི་སྒྲིག་གཞི་གསར་པ་གཏན་འབེབས་བྱུང་ཡོད་དམ།
༤  སྲིད་སྐྱོང་སྔོན་འགྲོའི་འོས་ཐོབ་པ་གཉིས་པ་དང་།  གསུམ་པའི་བར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་མིན་གཟིགས་དགོས་པ་ཞིག་འོས་བསྡུའི་སྒྲིག་དང་།  འདི་ལོའི་འོས་བསྡུའི་ལམ་སྟོན་དོན་ཚན་དགུ་ཅན་དང་།  དེའི་འགྲེལ་བཤད་ཡིག་ཐོག་ཏུ་གནང་བ་བཅས་ན་མེད་ཀྱང་། ཚེས་ ༡༨ ཉིན་གྱི་སྔོན་འགྲོའི་འོས་འཕེན་ལས་རིམ་གྲུབ་པའི་སང་ཉིན་ནམ།  ཚེས་ ༡༩ ཉིན་འོས་གྲངས་བཤེར་བཞིན་ཡོད་པའི་༼ཉིན་འདིར་རྒྱ་གར་གྱི་ཆུ་ཚོད་ ༡༢ མ་ཟིན་གོང་བལ་ཡུལ་སྲིད་སྐྱོང་འོས་གྲངས་བརྩིས་ཟིན་༽སྐབས་སུ།  གལ་སྲིད་གཉིས་པ་དང་གསུམ་པའི་དབར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་ཚེ་དངོས་གཞིའི་འོས་གཞི་གསུམ་འདོན་རྒྱུ་ཡིན་ཞེས་དམིགས་བསལ་གསལ་བསྒྲགས་གཏོང་བ་འདི་ལ་དོགས་པ་རང་བཞིན་གྱིས་སླེབས་ཡོད་པས།  གནང་ཕྱོགས་འདི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་གང་ལ་ཁུངས་གཏུག་གི་ཡོད།
༥ སྲིད་སྐྱོང་སྔོན་འགྲོ་འོས་ཐོབ་གཉིས་པ་དང་གསུམ་པའི་དབར་གྱི་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་མིན་ལ་བལྟས་ནས་དངོས་གཞིའི་འོས་གཞིར་འདོན་དགོས་མིན་ཐག་གཅོད་ཆོག་པའི་ཆ་རྐྱེན་ཞིག  དབུས་འོས་བསྡུ་ལས་ཁང་ནས་གསར་བཟོ་ཆོག་པའི་འགན་དབང་ཞིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་།  འོས་བསྡུ་སྒྲིག་གཞིའི་དོན་ཚན་གང་གིས་གནང་ཡོད་དམ།
༦  ཡང་ན་དེ་ལྟར་བྱེད་ཆོག་པར་བཅའ་སྒྲིག་གི་ཐོག་ནས་ང་ཚོ་ཁུངས་གཏུག་ས་གང་ཡང་མེད།  ང་ཚོ་དབུས་འོས་བསྡུ་འགན་འཛིན་མི་གསུམ་གྲོས་བསྡུར་བྱས་པ་ཡིན།  ང་ཚོའི་ཐག་གཅོད་དེ་ཡིན་ཟེར་བ་ཙམ་ཡིན་པས།  གལ་ཏེ་དེ་ལྟར་ཡིན་ན་ཁྲིམས་སྒྲིག་གིས་བརྒྱ་ཆ་ལོན་དགོས་མིན་གྱི་བཀག་འགོག་མེད་བཞིན་དུ་དངོས་གཞིའི་འོས་མིར་ཞུགས་བཅུག་གི་མེད་པ་དེ་གང་ཟག་གིས་དབང་བསྒྱུར་ཆགས་སོང་ངམ། ཁྲིམས་ཀྱིས་དབང་བསྒྱུར་ཆགས་སོང་།

༤༽  གནས་ཚུལ།   ཡང་དངོས་གཞིའི་འོས་གཞི་གཉིས་འདོན་རྒྱུ་ཡིན་པའི་ཐག་གཅོད་གནང་དོན་གྱི་རྒྱབ་ལྗོངས་ཐད་གསར་ལམ་དུ་གསུངས་དོན།  ༼ད་ལྟའི་འོས་བསྡུ་ཆེན་མོ་དེ་༧སྐྱབས་མགོན་རིན་པོ་ཆེས་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ་སོ་སོས་ཐད་ཀར་ཆབ་སྲིད་ཀྱི་དབུ་ཁྲིད་འདེམས་པ་ཐེངས་དང་པོ་དེ་ཆགས་ཡོད་ཙང་།༽ཞེས་གསུངས་འདུག
དྲན་སྐུལ་ལོ་རྒྱུས།   དབུས་འོས་བསྡུ་ལྷན་ཁང་ནས་ཐག་གཅོད་འདིའི་རྒྱབ་ལྗོངས་གང་ཡིན་འགྲེལ་བརྗོད་འདི་ལྟར་གནང་བར་བརྟེན་ནས་འདིར་ཕྱི་ལོ་ ༢༠༡༠/༢༠༡༡ ལོའི་༧གོང་ས་མཆོག་གི་ལོ་རྒྱུས་རང་བཞིན་གྱི་བཀའ་སློབ་དང་གསུང་འཕྲིན་འགའ་དྲན་སྐུལ་ཞུ་རྒྱུར།
ཀ  ༢༠༡༠/༨/༣༡ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཐོག  ཁྱོད་རང་ཚོས་རྒས་ཡོལ་ཞེས་པ་འདི་འགྲིག་གི་མི་འདུག་ཅེས་བརྗོད་ཀྱང་།  ང་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་དམ་མེད། ཅེས་པ་འདི་ཡིན།
ཁ ༢༠༡༡/༣/༡༠ ཉིན་གསུམ་དུས་གསུང་འཕྲིན་དུ།  འདི་ཟླའི་ཕྱི་ཚེས་ ༡༤ ནས་འགོ་འཛུགས་རྒྱུའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་འཕྲིན་ཡིག་གི་ལམ་ནས་བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱ་དགོས་རྣམས་བྱེད་དགོས་པའི་ལམ་སྟོན་བྱས་ཏེ་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོཌ་་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་ཟིན་པ་ཡིན།
ག  ༢༠༡༡/༣/༡༡ ཉིན་སྐབས་བཅུ་བཞི་པའི་གྲོས་ཚོགས་སུ་གསུང་འཕྲིན་ཕེབས་དོན། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།
གོང་གསལ་བཀའ་སློབ་དང་གསུང་འཕྲིན་དེ་དག་གིས་ཕྱི་ལོ་ ༢༠༡༠/༢༠༡༡ ལོའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་མ་བྱས་གོང་ནས་དང་།  དངོས་གཞི་འོས་བསྡུ་མ་བྱས་གོང་ནས་བོད་མི་མང་ལ་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་ལ་འགན་ཁུར་ཐུབ་མཁན་གྱི་མི་སྣ་འདེམས་དགོས་པའི་བཀའ་ནན་ལྡོག་མེད་རིམ་པར་གནང་ཡོད་པ་ར་སྤྲད་ཡོད་ལ།  སྐབས་དེར་མང་ཚོགས་ནས་དེ་དོན་གསལ་པོ་མཁྱེན་རྟོགས་བྱུང་ཡོད་ལ།  མི་མང་གིས་དེ་བཞིན་འགན་ཁུར་བའི་ཐོག་ནས་འོས་འཕངས་པ་བརྒྱུད་ད་ལྟའི་ལས་ཐོག་བཀའ་སྤྱི་གཉིས་འོས་འདེམས་བྱུང་བ་རེད།
དོགས་འདྲི།   ༡  གོང་འཁོད་བཞིན་ཕྱི་ལོ་ ༢༠༡༠/༢༠༡༡ ལོ་དེར་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་གནང་ཡུལ་གྱི་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་འོས་འདེམས་བྱེད་ཀྱི་ཡོད་པ་དེ་ལ་མི་མང་དང་།  སྐབས་དེའི་དབུས་འོས་བསྡུ་ལས་ཁང་ནས་ཁྱེད་རྣམ་པའི་གསུང་བཞིན་པའི་རྒྱབ་ལྗོངས་དེ་ལ་འགན་ཁུར་ཡག་པོ་གནང་མི་འདུག་གསུང་གིན་ཡོད་དམ།
༢  ཡང་ན་སྐབས་དེར་མི་མང་དང་།  དབུས་འོས་བསྡུ་ལས་ཁང་གཉིས་ནས་འགན་ཁུར་ཡག་པོ་གནང་འདུག་མོད།  ཡིན་ནའང་ད་ལན་དགོས་པ་གཞན་ཞིག་ལ་བརྟེན་ནས་དེ་ལྟར་གནང་བ་ཡིན་གསུང་རྒྱུ་ཡིན་ནམ།  དཱ་འོ་ན་དགོས་པ་དེ་གང་ཡིན།
༥༽  གནས་ཚུལ།  ཡབ་གཞིས་བཀའ་ཟུར་བསྟན་པ་ཚེ་རིང་གིས་གསུངས་དོན།  དེ་རིང་ཁ་སང་༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུ་མཁན། ༧རྒྱལ་བ་རིན་པོ་ཆེ་ལ་རྒྱལ་ཚོང་བ་རེད་ཟེར་ཞུ་མཁན། ༧རྒྱལ་བ་རིན་པོ་ཆེ་གིས་བོད་གཞུང་སྒོ་རྒྱབ་པ་རེད་ཟེར་མཁན། ༧རྒྱལ་བ་རིན་པོ་ཆེ་གིས་བོད་རང་བཙན་བློས་བཏང་བ་རེད་ཟེར་མཁན་དེ་ང་ཚོས་ཕར་ཚུར་བཀབ་ཡག་གང་ཡོད་མ་རེད། དེ་ཡོད་རེད།  ང་ཚོ་ཚང་མས་ཤེས་ཀི་ཡོད་རེད། ཡིན་ནའང་ང་ཚོས་ཤེས་གིན་ཤེས་གིན་ལ། ང་ཚོས་གོ་གིན་གོ་གིན་ལ། འདི་འདྲ་སྣང་མེད་ཟོལ་འདྲ་པོ་བཞག་པ་ཡིན་ན་ཁྱད་མཚར་པོ་རེད་བསམ་གྱི་འདུག  མི་འདིའི་རིགས་ཀྱིས་གནས་དུས་ཚོད་བརྩིས་བྱེད་ཀྱི་ཡོད་རེད།  རྒྱ་མིས་གིས་༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་འདི་ག་ཙམ་ཞུ་གི་ཡོད་མ་རེད་དེ།  མི་འདི་ཚོས་ཞུ་བསྡད་གི་ཡོད་རེད། རང་བཙན་ཁ་ལ་ཁྱེར། རང་དབང་ཁ་ལ་ཁྱེར། མང་གཙོ་ཁ་ལ་ཁྱེར། མི་དེ་འདྲ་ཞུ་མཁན་དེ་སོ་སོ་རེད་པས།  དེ་འདྲའི་ཐོག་ལ་ངོས་འཛིན་གསལ་པོ་བྱེད་ཐུབ་པ་དགོས་རེད་བསམ་གྱི་འདུག
ཡབ་གཞིས་བཀའ་ཟུར་སྐུའི་གཅུང་མོ་རྗེ་བཙུན་པདྨ་ཡིས་གསུངས་དོན། དངོས་གནས་དྲང་གནས་ལམ་ཀ་༧རྒྱལ་བ་རིན་པོ་ཆེ་ལས་ལྷག་པ་བོད་མིའི་དཀྱིལ་ལ། ང་ཚོར་ལམ་ཀ་བསྟན་མཁན་སུ་ཡོད་རེད། ད་ལྟ་བར་དུ། དཱ་ཧོབ་ཏེ་སྒང་ལ་མི་དེ་འདྲ་དོན་ཡོང་། ཡས་ཡས་ལ་འགྲོ་དགོས་རེད།  མས་མས་ལ་འགྲོ་དགོས་རེད་ཟེར། ང་ཚོ་མང་པོ་ཅིག་དེ་འདྲ་ལ་མགོ་འཁོར་ནས་ཕྱིན་པ་ཡིན་ན་ལྐུགས་པ་རེད་བསམ་གྱི། བྱས་ཙང་དགོངས་པ་ཡག་པོ་བཞེས་རོགས་གནང་། སང་ཉིན་འོས་ཤོག་བླུགས་ག་ཕེབས་མཁན་རེད། དགོངས་པ་ཡག་པོ་བཞེས། ཅེས་དང་། མུ་མཐུད་དེ་གསུངས་དོན། ད་ལྟ་ལོ་བཞི་བཅུ་ཞེ་གྲངས་ལ་སླེབས། རེད་པ། ཡས་ཡས་བྱེད་གི་ཡིན། མས་མས་བྱེད་གི་ཡིན་ཟེར་མཁན་མི་དེས་ད་ལྟ་བར་དུ་ག་རེ་བྱས་འདུག་ཟེར་ནས་ཞིབ་འཇུག་ཅིག་གནང་ན་ཡག་པོ་འདུག་པ། ཁ་བདེ་པོའི་སྒང་ལ་ཕྱིན་ན་འགྲིག་གི་མི་འདུག ཨི་ནས་རྦད་དེ་ང་ཚོའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་གི་འདུག་པ།  གཞོན་སྐྱེས་མང་པོ་ཅིག་གིས་མགོ་ཅིག་ཚོས་གི་མི་འདུག་པ། རེད་པ། སློབ་སྦྱོང་བྱས་པ་ཡིན་ཟེར་བྱས། སློབ་སྦྱོང་བྱེད་མཁན་མི་གཅིག་གིས་༧རྒྱལ་བ་རིན་པོ་ཆེ་ལ་ཁ་བཏང་མཁན་མི་གཅིག་ལ་འོས་ཤོག་བླུགས་པ་ཡིན་ན་ལྐུགས་པ་མ་རེད་པས། ང་ཡིན་ན་དངོས་གནས་་་་་་ ང་ཡིན་ན་དེ་འདྲ་བྱས་པ་ཡིན་ན་ང་ཚོས་དཀའ་ལས་རྒྱབ་པ་དེ་ནོར་བཞག་བསམ་གི

འོས་བསྡུ་སྒྲིག་གཞི།   འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ཡི་ནང་གསེས་ ༢/༣/༧ པ་བཅས་སུ་འཁོད་དོན། འོས་གཞིའམ་འོས་འཕེན་པའི་སྐྱེ་བོ་ལ་དྲག་ཤུགས་ཀྱི་འཇིགས་སྣང་སྐུལ་བ་ཡང་ན། སྐྱེ་བོ་གང་དག་འོས་གཞིར་འཛུལ་འཐེན་སོགས་ཀྱི་འོས་བསྡུའི་རང་དབང་ལ་ཐེ་བྱུས་འགལ་རྐྱེན་བྱེད་པ།  འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས།  སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང་།  ལུང་ཚན་དང་། ཆོས་བརྒྱུད།  སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་པ།
འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ ཡི་ནང་གསེས་ ༡/༢ པ་རུ་འཁོད་དོན། འོས་གཞིའི་སྐྱེ་བོའམ་དེར་ཕྱོགས་གཏོགས་བྱེད་མི་ནས་དོན་ཚན་གང་རུང་དང་འགལ་རིགས་བྱུང་ཚེ། འགལ་ཚབས་ཆེ་ཆུང་ལ་གཞིགས་ཏེ། དོ་བདག་གི་འོས་ཐོབ་ཆ་ཚང་རྩིས་མེད་དང་།  ལོ་གསུམ་ནས་བཅུ་བར་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་འཕྲོག་ཆོག  སྐྱེ་བོ་གང་ཞིག་ནས་དོན་ཚན་གང་རུང་དང་འགལ་རིགས་བྱུང་ཚེ། འགལ་ཚབས་ཆེ་ཆུང་ལ་གཞིགས་ཏེ། སྐྱེ་བོ་དེར་ལོ་གསུམ་ནས་ལོ་བཅུ་བར་འོས་འཕེན་རྒྱུའི་ཐོབ་ཐང་འཕྲོག་ཆོག   དེ་བཞིན་སྐབས་འདིར་ཁྱེད་རྣམ་པའི་ལམ་སྟོན་དོན་ཚན་དགུ་ཅན་ནི་དྲན་སྐུལ་ཞུ་མི་དགོས་པ་བྱེད།
དོགས་འདྲི།  ༡   གོང་དུ་གནང་བའི་གཏམ་བཤད་ནས་གསལ་བ་བཞིན་སང་ཉིིན་ཞོགས་པ་སྔོན་འགྲོ་འོས་བསྡུ་༼རྒྱ་གར་གྱི་དུས་ཚོད་གཞིར་བཞག་ན་སྔོན་འགྲོའི་འོས་བསྡུའི་ཉིན་མོ་༽ཡིན་པ་ཤེས་བཞིན་ཡབ་གཞིས་བཀའ་ཟུར་དག་གིས་གཏམ་བཤད་འདི་འདྲ་སུད་སི་ཧོར་གྷེན་ས་གནས་སུ་མི་མང་འདུ་འཛོམས་ཐོག་གསུངས་པ་རེད།  འདི་ནི་འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་འོས་བསྡུ་སྐོར་གྱི་གསལ་བསྒྲགས་མི་ཆོག་པ་དང།  འོས་གཞིའམ་འོས་འཕེན་པའི་སྐྱེ་བོ་ལ་༼ལུས་ངག་༽དྲག་ཤུགས་ཀྱི་འཇིགས་སྣང་སྐུལ་བ།  སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་དམའ་འབེབས་བྱེད་པ་དང་།  ཆོས་བརྒྱུད།  སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་པ་ཆགས་མི་འདུག་གམ།
༢   དེ་འདྲ་ཆགས་མི་འདུག་གསུང་གི་ཡིན་ན་༼འདི་འདྲ་སྣང་མེད་ཟོལ་འདྲ་པོ་བཞག་པ་ཡིན་ན་ཁྱད་མཚར་པོ་རེད་བསམ་གྱི་འདུག༽ ༼ མི་དེ་འདྲ་ཞུ་མཁན་དེ་སོ་སོ་རེད་པས།༽ ༼ སློབ་སྦྱོང་བྱས་པ་ཡིན་ཟེར་བྱས། སློབ་སྦྱོང་བྱེད་མཁན་མི་གཅིག་གིས་༧རྒྱལ་བ་རིན་པོ་ཆེ་ལ་ཁ་བཏང་མཁན་མི་གཅིག་ལ་འོས་ཤོག་བླུགས་པ་ཡིན་ན་ལྐུགས་པ་མ་རེད་པས། ང་ཡིན་ན་དངོས་གནས་་་་་་་་་་་་  ང་ཡིན་ན་དེ་འདྲ་བྱས་པ་ཡིན་ན་ང་ཚོས་དཀའ་ལས་རྒྱབ་པ་དེ་ནོར་བཞག་བསམ་གི༽ ཟེར་བ་འདི་དག་ནི་འོས་མི་གང་རུང་ལ་འོས་འཕེན་མི་ཉན་པའི་དྲིལ་བསྒྲགས་ཡིན་པ་ཙམ་དུ་མ་ཟད།  བོད་མིའི་གྲལ་ནས་ཕུད་དགོས་པའི་མི་མང་སྐུལ་སློང་མིན་ན་གང་རེད།  ད་དུང་ཁོང་རྣམ་གཉིས་ནས་༧རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེན་པོ་ཡིན་རབས་མང་དག་གསུངས་འདུག  རྒྱ་ནག་གཞུང་གི་རྒྱུགས་ཁྱི་དོལ་རྒྱལ་བ་རེ་འགའ་མ་གཏོགས་བོད་མི་མང་༧རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེན་པོ་མ་རེད་ཅེས་བཤད་མཁན་སུ་འདུག  ལྷག་པར་སྲིད་སྤྱི་གཉིས་ཀྱི་འོས་མིར་ལངས་པ་སུས་བཤད་འདུག  མ་གཞི་ནས་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མི་མཐུན་པའི་མི་ལ་འོས་ཤོག་འཕེན་མི་ཉན་པའི་སྐུལ་སློང་བྱེད་པ་འདི་༧རྒྱལ་བ་རིན་པོ་ཆེས་གསོལ་བསྩལ་གནང་བའི་མང་གཙོ་ལ་འགན་ཁུར་སྟངས་རེད་དམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་ཁུར་སྟངས་རེད་དམ། ༧རྒྱལ་བ་རིན་པོ་ཆེས་གནང་བའི་བཙན་བྱོལ་བོད་མིའི་མང་གཙོ་དེ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལ་འོས་འཕེན་དགོས་པའི་ལམ་ལུགས་ཤིག་རེད་དམ། དེ་འདྲ་ཡིན་ན་དེ་ལ་མང་གཙོ་ཟེར་གྱི་རེད་དམ། དེར་བརྟེན་དབུས་འོས་བསྡུ་ལས་ཁང་ནས་གོང་གསལ་གནད་དོན་ལ་ཐག་གཅོད་ཇི་ལྟར་གནང་གི་ཡིན་ནམ།  འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལག་བསྟར་ཇི་ལྟར་གནང་གི་ཡིན། ད་ལྟ་ཡང་དྲ་ཐག་འདི་ནས་གཟིགས་ཐུབ།  https://www.youtube.com/watch?v=69TiNs5gTMA

༦༽ གནས་ཚུལ།  སྐབས་སྔོན་མ་བཀའ་ཟུར་རྒྱ་རི་ཚང་གིས་འོས་འཕེན་གྲུབ་པ་དང་སུ་ལ་འོས་བླུགས་ཚར་བ་དང་གསུངས་པ་རེད། འོས་ཤོག་རྩིས་མེད་བཏང་ཡོད་མ་རེད། ད་ལོ་མི་འགའ་ཞིག་གིས་སུ་ལ་འོས་བླུགས་མིན་གསལ་པོ་བཤད་པ་རེད། ང་ཚོས་ཤེས་རྟོགས་བྱུང་བར་རྡ་སར་ཀླུ་མཁར་བྱམས་ལ་འོས་བླུགས་པ་ཡིན་ཟེར་མཁན་དང་། ཡང་ན་རང་ཉིད་ཀྱི་ངོས་ནས་སུ་ལ་འོས་བླུགས་པ་གསང་བ་བྱེད་དགོས་དོན་མེད་པ་ཚོས་གསལ་པོ་གསུངས་པ་རེད།  དེ་ལ་བརྟེན་ནས་འོས་ཤོག་ལྔ་དྲུག་གཅིག་རྩིས་མེད་བཏང་ཡོད་པ་ཁྱེད་རྣམས་ནས་གསུངས་འདུག་ལ།  ཁྱེད་རྣམ་པས་༼ངས་འཕངས་པ་ཡིན་ཞེས་ཕ་རོལ་པོ་ལ་ངོ་རྟགས་ཟིན་པ་ཞིག་བྱེད་མི་ཆོག་པ་དེ་༽དགག་བྱ་དང་འགལ་ཡོད་སྐོར་གསུངས་འདུག
དོགས་འདྲི།  ༡  དེས་ན་སྔོན་འགྲོ་འོས་བསྡུ་གྲུབ་པ་དང་།  སྲིད་སྐྱོང་འོས་མིར་ལངས་པ་སྤེན་པ་ཚེ་རིང་དང། བཀྲ་ཤིས་སྟོབས་རྒྱལ་གཉིས་ནས་སུ་ལ་འོས་འཕངས་པ་གསར་ལམ་དུ་འགྲེལ་བརྗོད་ཞུས་འདུག  ཁྱེད་རྣམ་པའི་རྩ་དོན་༼ངོ་རྟགས་ཟིན་པ་ཞིག་བྱེད་མི་ཆོག་པ་དེ་༽དང་འགལ་འདུག་པས་འོས་ཤོག་རྩིས་མེད་བཏང་ཡོད་དང་མེད།

༧༽ གནས་ཚུལ།  སྲིད་སྐྱོང་འོས་མིར་ལངས་པ་སྤེན་པ་ཚེ་རིང་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་སྲིད་སྐྱོང་འོས་མིའི་མིང་ཐོག་ནས་མང་ཚོགས་ལ་གཏམ་བཤད་བྱེད་སྐབས་བོད་ཀྱི་རྒྱལ་དར་བེད་སྤྱོད་བཏང་ཡོད་པ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་བརྙན་གསར་འགྱུར་དྲ་ཐག་འདི་ནས་གཟིགས་ཐུབ།       https://www.youtube.com/watch?v=KFMJhgkLnUg
དབུས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས།   འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག་༧གོང་ས་མཆོག་གི་སྐུ་པར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། རྒྱལ་དར་དང་བོད་ཀྱི་ས་ཁྲ་བཅས་བེད་སྤྱོད་བྱེད་མི་ཆོག གལ་སྲིད་དེ་འདྲའི་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། འོས་གཞི་སྐྱེ་བོ་གང་དེའི་འོས་ཐོབ་ཀྱི་བརྒྱ་ཆ་ ༥ རྩིས་མེད་གཏོང་རྒྱུའི་ཉེས་ཆད་སྐོར་གྱི་འབྲེལ་ཡོད་ལམ་སྟོན། “དེ་ལྟར་བེད་སྤྱོད་མི་ཆོག་ཅེས་པའི་གཙོ་གནད་ནི་རང་ཉིད་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དམིགས་ཏེ་རྒྱབ་ལྗོངས་ལ་གསར་དུ་གོང་གསལ་པར་རིས་དེ་དག་བེད་སྤྱོད་མི་ཆོག་པ་ལས། རང་གི་མི་ཚེའི་བྱུང་བའི་ནང་ལས་དོན་སྐབས་དང་ལས་དོན་སྒྲུབ་ཡུལ་སོགས་སུ་པར་རིས་དེ་དག་ཡོད་པ་ཙམ་ལ་གོ་བ་མིན། པར་བསྐྲུན་དང་འགྲེམ་སྤེལ་བྱེད་མཁན་གྱི་མིང་བྱང་ཁ་གསལ་མེད་ཚེ་རྩིས་མེད་གཏོང་རྒྱུ། གལ་སྲིད་སྐྱེ་བོ་སུ་རུང་ནས་དེ་ལྟར་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ་ལོ་ ༥ རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་པའི་ཐོབ་ཐང་འཕྲོག་རྒྱུ།” ཞེས་ཡིག་གནང་འདུག
དོགས་འདྲི།  ༡   སྲིད་སྐྱོང་འོས་གཞིར་ཞུགས་མཁན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དེའི་འོས་ཐོབ་ཀྱི་བརྒྱ་ཆ་ ༥ རྩིས་མེད་དང་།  ཁོང་ཉིད་འོས་འཕེན་པ་ཞིག་ཡིན་པའི་ཆ་ནས་ལོ་ ༥ རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་པའི་ཐོབ་ཐང་འཕྲོག་གི་རེད་དང་མ་རེད།

མཐའ་དོན་དྲི་བ།  འོས་བསྡུ་སྒྲིག་གཞི་དོན་ཚན་ ༢༥ པའི་ནང་གསེས་ ༣  པར་འདི་ལྟར་འཁོད། འོས་བསྡུའི་ལས་བྱེད་གང་རུང་ནས་གོ་དབང་བེད་ལོག་ཏུ་སྤྱད་པའམ། ་་་་་་་    ལམ་སེང་འོས་བསྡུའི་ལས་འགན་ནས་གནས་དབྱུང་གཏོང་དགོས། ཞེས་གསལ་ཡོད། དེ་བརྟེན་གོང་དུ་གནས་ཚུལ་ ༧  དང་།  དོགས་འདྲི་  ༡༨  རིམ་པར་ཞུས་པའི་དོན་ཚན་དེ་དག་ལ་ཁྲིམས་སྒྲིག་གཞི་ལ་འགན་ཁུར་བའི་ཁ་གསལ་གོ་བདེའི་ལན་འདེབས་དང་སྒྲིག་གཞི་ལག་བསྟར་ཚུལ་བཞིན་མེད་ཚེ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་རྣམ་པ་གསུམ་གྱིས་འོས་བསྡུ་སྒྲིག་གཞི་དོན་ཚན་ ༢༥ པའི་ནང་གསེས་ ༣  དགོངས་དོན་འདིའི་ཐོག་ནས་རང་འགུལ་གྱིས་དགོངས་པ་ཞུ་དགོས་པར་མཐོང་གི་ཡོད།
གུས་འདུད་བཅས་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༡༦ ལ་གཤམ་འཁོད་ཐུན་མོང་ནས།
ངོ་བཤུས།  ཆེས་མཐོའི་ཁྲིམས་ཞིབ་ཁང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས།
བཀའ་ཤག
ཨང་།   མིང་།        སྡོད་གནས།                   མིང་རྟགས།
༡     དབང་གྲགས་རྡོ་རྗེ།    ཧྥ་རན་སི།
༢   ཤེས་རབ་དཔལ་བཟང་།     སུད་སི།
༣ མིག་དམར་ཚེ་རིང་།    ལྡི་ལི།
༤ སྨོན་ལམ་གྲགས་པ།    སྦེལ་ལྗམ།
༥ སྐལ་བཟང་།        ཧྥ་རན་སི།
༦ སྡེ་དགེ་ཁྲོ་ལ།        སྦེལ་ལྗམ།
༧ ཐུབ་བསྟན་ཆོས་འཕེལ།    ཐེ་ཝན།
༨ རྒྱལ་མཚན།        ཧྥ་རན་སི།
༩ བསྟན་འཛིན་རྒྱལ་མཚན།    ཧྥ་རན་སི།
༡༠ བསོད་ནམས་བདེ་ཆེན།    ཨ་རི།
༡༡ ཚེ་ཕྱུག        བལ་ཡུལ།
༡༢ Thupten thatching    ཨ་རི།
༡༣ བསོད་ནམས་སྟོབས་རྒྱལ།    སུད་སི།
༡༤ བསོད་ནམས་རྡོ་རྗེ། རྡ་རམ་ས་ལ།
༡༥ རྡོ་རྗེ་དཔལ་ལྡན།        ཨ་རི།
༡༦ རིན་ཆེན་ཡར་འཕེལ།    ཨ་རི།
༡༧ ཚེ་རིང་།        སུད་སི།
༡༨ ཚེ་རིང་བསམ་འགྲུབ།    ཨ་རི།
༡༩ བསོད་ནམས་བཟང་པོ།    ཨ་རི།
༢༠ བཀྲ་ཤིས་ཕུན་ཚོགས།    ཀེ་ན་སྒྲ།
༢༡ དངོས་གྲུབ་ཚེ་རིང་།    ཨ་རི།
༢༢ ལྷག་རྒྱལ།        ཨ་རི།
༢༣ ཚུལ་ཁྲིམས།        ཨ་རི།
༢༤ ཡོན་ཏན་རྡོ་རྗེ།        སུད་སི།
༢༥ བདེ་ཆེན་དབང་མོ།    ཨ་རི།
༢༦ བློ་བཟང་།        ཧྥ་རན་སི།
༢༧ ཉི་མ་ལྷ་མོ།        ཧྥ་རན་སི།
༢༨ པདྨ་འོད་ཟེར།        སུད་སི།
༢༩ སྐལ་བཟང་ཆོས་སྒྲོན།    ཨ་རི།
༣༠ རྡོ་རྗེ་རྒྱལ་མཚན།    སྦེལ་ལྗམ།
༣༡ བློ་དགའ།        ཨ་རི།
༣༢ བློ་བཟང་།        ཧྥ་རན་སི།
༣༣ བསྟན་འཛིན་བྱམས་པ། རྒྱ་གར་ལྡི་ལི།
༣༤ ཟླ་བ་ཚེ་རིང་།        ཧྥ་རན་སི།
༣༥ རྩེ་བུ་རྒྱ་མཚོ།        སུད་སི།
༣༦ ཉག་གཤིས་རྒྱལ་མཚན།    ཧྥ་རན་སི།
༣༧ སྒྲོལ་མ་ལྷ་མོ།        ཨ་རི།
༣༨ ཚེ་དབང་བཀྲ་ཤིས།    བལ་ཡུལ།
༣༩ བསྟན་འཛིན། ༥༩    ཧྥ་རན་སི།
༤༠ གཡུང་དྲུང་ཚེ་བརྟན།    ཧྥ་རན་སི།
༤༡ བཀྲ་ཤིས་ལྷ་མོ།        ཨ་རི།
༤༢ བསོད་ནམས་རིན་ཆེན།    སྦེལ་ལྗམ།
༤༣ གཡུང་དྲུང་དོན་ལྡན།    བལ་ཡུལ།
༤༤ ཀུན་དགའ་བཀྲ་ཤིས།    ཨོ་གླིང་།
༤༥ ཕུན་ཚོགས་རྣམ་རྒྱལ།    སུད་སི།
༤༦ ཧེ་རུ་ཀ        བལ་ཡུལ།
༤༧ བསོད་ནམས་ནོར་བུ།    ཧྥ་རན་སི།
༤༨ རྡོ་རྗེ་རིན་ཆེན།        སུད་སི།
༤༩ བསོད་ནམས་ཕུན་ཚོགས།    སུད་སི།
༥༠ སྐལ་བཟང།        སུད་སི།
༥༡ བསོད་ནམས་ལྷུན་གྲུབ།    སུད་སི།
༥༢ གདུགས་རྩ་ཚང་བསྟན་འཛིན་འོད་ཟེར།
འབྲེལ་བ་ཞུ་ཡུལ་ཁ་བྱང་།

མཆན་སྤེལ་ས།

མཆན་འབྲི་བ་ལ་ངེས་པར་དུ་དངོས་མིང་དང་གློག་འཕྲིན་ཁ་བྱང་དགོས། གལ་སྲིད་དངོས་མིང་མིན་ཚེ་མཆན་བསུབ་ངེས་ཡིན་ལ་རྗེས་ཕྱོགས་ཀྱང་གློག་འཕྲིན་ཁ་བྱང་དེའི་སྒང་ནས་མཆན་འབྲི་མི་ཐུབ་བཟོ་ངེས། མཆན་གྱི་ནང་དོན་གྱི་ཆ་ནས་གང་འདོད་བྲིས་ཆོག འོན་ཀྱང་མི་གཅིག་གིས་མིང་འདྲ་མིན་གྱི་ཐོག་ནས་མཆན་འདྲ་མིན་སྣ་ཚོགས་འབྲི་མི་ཆོག