སླར་ཡང་འོས་བསྡུ་ཆེན་མོའི་ལམ་ནས་རྒྱལ་ཁ་ཐོབ་པའི་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེས་གསུང་བཤད་མང་པོའི་ནང་ལྔ་དང་ལྔ་བཅུའི་སྐོར་གླེང་ཡོད་པ་དང་། དེ་ལ་དོ་སྣང་དང་སེམས་ཁུར་བྱེད་མཁན་ཡང་མང་པོ་ཡོད་ཚོད་རེད། ལྔ་ཞེས་པ་མ་འོངས་པའི་ལོ་ལྔའི་ནང་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པའམ། ཡང་ན་༧གོང་ས་མཆོག་བོད་ལ་ཆིབས་བསྒྱུར་གནང་ཐུབ་པ་ཞིག་ཡོང་བར་རེ་བ་ཆེན་པོ་བརྒྱབ་ནས་འབད་བརྩོན་བྱ་རྒྱུ་དེ་ཡིན་འདུག

ལྔ་བཅུ་ཞེས་པ་གལ་སྲིད་ལོ་ལྔའི་ནང་གོང་དུ་བཤད་པའི་གནད་དོན་དེར་གྲུབ་འབྲས་མ་བྱུང་ན་མུ་མཐུད་བཙན་བྱོལ་ནང་མི་ལོ་ལྔ་བཅུ་སྡོད་དགོས་ཀྱང་སྡོད་ཐུབ་པའི་གྲ་སྒྲིག་དང་འཆར་གཞི་འགོད་རྒྱུ་དེ་ཡིན་ཚོད་འདུག གནད་དོན་དེ་གཉིས་ཀ་བོད་མི་རིགས་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་ནས་བཤད་ན་ཧ་ཅང་གལ་གནད་ཆེན་པོ་གཉིས་ཡིན་པ་དང། དེའི་ཐོག་ལ་སྲིད་སྐྱོང་གིས་ཆབ་སྲིད་ཀྱི་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབད་བརྩོན་བྱེད་དགོས་པ་དེ་ཡང་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད།

འོན་ཀྱང་ལྔ་དང་ལྔ་བཅུ་གཉིས་ཀའི་ནང་ནས་གང་ལ་གྲུབ་འབྲས་དང་རེ་བ་རྒྱག་ཆོག་མིན་དེ་མ་འོངས་པ་ལ་གོ་རིམ་མེད་ཅེས་པ་བཞིན། མངོན་ཤེས་མེད་མཁན་ཞིག་གིས་ཐག་བཅད་ནས་བཤད་དཀའ་ནའང། མིག་མདུན་དུ་ཡོད་པའི་གནས་ཚུལ་དག་ལ་གཞིགས་ན་ལྔ་བཅུ་ལ་རེ་བ་ཅུང་ཙམ་རྒྱག་ཆོག་པ་དང། སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་ཤག་འདིས་ཀྱང་ནུས་པ་ཞིག་ཐོན་མི་སྲིད་པ་གཏན་ནས་མ་རེད། འོན་ཀྱང་བཀའ་ཤག་གསར་རྙིང་དང། མི་ཐོག་གསར་རྙིང། ཕྱོགས་ཞེན་དང་དབང་ཆའི་འཐབ་རྩོད་ཀྱི་བར་ནས་ལས་དོན་འདི་ལའང་ཕྱོགས་མང་པོ་ཞིག་ནས་འགལ་རྐྱེན་བཟོ་མཁན་མེད་པ་མིན་པས་མཐའ་གཅིག་ཏུ་གྲུབ་འབྲས་ཆེན་པོ་ཞིག་ཐོན་ངེས་རེད་ཅེས་བཤད་དཀའ། འོན་ཀྱང་ད་ལྟའི་བཀའ་ཤག་གི་ངོས་ནས་གནད་དོན་དེའི་ཐོག་ལ་ཤུགས་མང་པོ་རྒྱག་གི་ཡོད་པ་མཐོང་རྒྱུ་འདུག་ལ། ཆུང་ས་ནས་གངས་ཅན་སྐྱིད་གཤོངས་ཀྱི་འཛུགས་སྐྲུན་ཁོ་ན་ལ་བལྟས་ཀྱང་ལྔ་བཅུའི་ཐོག་ལ་ནུས་པ་ཅུང་ཙམ་རེ་ཐོན་མི་ཡོང་ངམ་བསམ་པ་རང་བཞིན་གྱིས་དྲན་ཡོང་བ་ཞིག་རེད།
འོན་ཀྱང་ཕྱིའི་ས་ཁང་གི་འཛུགས་སྐྲུན་ཙམ་མིན་པར། བཙན་བྱོལ་བོད་མིའི་ནང་བསམ་བློའི་གནས་སྟངས་ཀྱི་ཆ་ནས་ལྔ་བཅུ་ལ་རེ་བ་རྒྱག་དགོས་ན་ཧ་ཅང་དཀའ་ངལ་དུ་གྱུར་ཡོད། དངོས་པོའི་མཐུན་རྐྱེན་ཐོག་ནས་ཡུ་རོབ་དང་ཨ་རི་ལྟ་བུ་ཞིག་ཏུ་བསྒྱུར་རྒྱུའི་ནུས་པ་དང་ཁོར་ཡུག་གཉིས་ཀ་མེད་སྟབས། ང་རང་ཚོ་ལ་ལྟོས་ས་ལྟོས་འཇོག་གི་སྒོ་ནས་ལྔ་བཅུ་དང་འབྲེལ་བའི་ཡར་རྒྱས་གང་འཚམས་ཤིག་གཏོང་ཐུབ་པའི་དབང་དུ་བཏང་ཡང། གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མིའི་གནས་བབས་ཀྱི་ཆ་ནས་ཚོད་དཔག་བྱས་ན་ལྔ་བཅུ་ལ་སླེབས་དུས་གཞིས་ཆགས་ཁག་དང། དགོན་སྡེ་ཁག་ཀྱང་མ་སྟོངས་ཙམ་དུ་འགྱུར་སྲིད། བོད་མི་ཕྱི་རྒྱལ་དུ་བསྐྱོད་རྒྱུའི་གནད་དོན་ཐོག་ལ་སྲིད་སྐྱོང་གིས་༢༠༢༠ ལོར་ལྔ་བཅུ་ལྔ་བཅུ་ཞེས་པ་ཞིག་ཡང་ཡང་གསུངས་མྱོང་ཡང། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་བོད་པའི་ངོ་བོ་དང། ཆབ་སྲིད་ཀྱི་གནས་བབས་ཐོག་མུ་མཐུད་ཤུགས་རྒྱག་ཐུབ་པ་ཞིག་བཟོ་རྒྱུའི་ནུས་པ་དེ་བོད་མིའི་སྒྲིག་འཛུགས་ལ་དུས་ནམ་ཡང་ཡོང་མི་སྲིད་པ་ཞིག་ཏུ་གྱུར་ཡོད།
ལྔ་ཡི་ཐད་ནས་གྲུབ་འབྲས་ཐོན་དང་མི་ཐོན་གཞན་དབང་སྟབས་བསྟུན་ཁོ་ན་ལས་མེད་སྟབས་གྲུབ་འབྲས་ཡོང་རྒྱུ་དེ་རེ་བ་ཙམ་ལས་མེད་པ་དང། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་གནས་གཟིགས་ཙམ་ཕེབས་ཐུབ་པའི་དབང་དུ་བཏང་ཡང། དེ་ནི་དོན་གྱིས་རྒྱ་གཞུང་ལ་ཁེ་བཟང་ཙམ་ལས་བོད་ལ་ཁེ་ཕན་ཡོང་ངེས་ཡིན་པ་ཧ་ཅང་བཤད་དཀའ། རྒྱུ་མཚན་ཆེ་ཤོས་གཅིག་ནི་གཞན་གྱི་བཙན་འཛུལ་ལ་བརྟེན་ནས་གནས་སྡོད་མ་ཐུབ་པར་མིའི་ལུང་པར་སྲིད་དོན་སྐྱབས་བཅོལ་བའི་ངོ་བོར་གནས་མཁན་ཞིག བསྐྱར་དུ་ཡུལ་ལུང་དེར་བསྐྱོད་པ་ཡིན་ན་རང་བཞིན་གྱིས་སྲིད་དོན་སྐྱབས་བཅོལ་གྱི་ངོ་བོ་དེ་དོར་བ་ཞིག་ཏུ་ངོས་འཛིན་བྱེད་སྲིད་ལ། དཔེར་ན་བོད་མི་ཞིག་༡༩༧༩ ལོར་སྐྱབས་བཅོལ་བའི་གནས་བབས་ཡིན་བཞིན་དུ་སུད་སི་ནས་བོད་དུ་གཉེན་འཕྲད་ལ་སོང་བ་སུད་སིའི་གཞུང་གིས་ཤེས་རྟོགས་བྱུང་ནས། སྐྱབས་བཅོལ་བའི་ཡིག་ཆ་ཕྱིར་བསྡུ་བྱེད་མྱོང་བ་རེད། རྒྱ་གར་དུ་དེ་ལྟ་བུའི་གནས་སྟངས་ཡོང་སྲིད་མིན་བཤད་དཀའ་ཡང། སྐྱབས་བཅོལ་བའི་ངོ་བོ་ལ་དཀའ་ངལ་ཞིག་ཆབ་སྲིད་ཀྱི་ཐོག་ནས་རང་བཞིན་གྱིས་འཕྲད་ངེས་རེད།
མདོར་ན་ལྔ་ལ་གྲུབ་འབྲས་ཡོང་བར་རེ་བ་བརྒྱབ་ནས་༧གོང་ས་མཆོག་བོད་དུ་གནས་གཟིགས་ཙམ་ཕེབས་ཐུབ་ན་རྒྱ་རིགས་མི་མང་ལ་ཤུགས་རྐྱེན་ཐེབས་ཐུབ་པར་རེ་བ་ཙམ་རྒྱག་མི་ཆོག་པ་མིན་ཡང། རྒྱ་གཞུང་གི་སྟངས་འཛིན་འོག་ནས་དེ་ལའང་གྲུབ་འབྲས་ཆེན་པོ་ཞིག་འབྱུང་མི་སྲིད་པར་ཚོད་དཔག་བྱེད་ཆོག ༧གོང་ས་མཆོག་བོད་དུ་གཏན་འཇགས་ཀྱིས་བཞུགས་ཐུབ་པ་ཞིག་མ་བྱུང་ན། གནས་གཟིགས་ཙམ་གྱིས་ཆབ་སྲིད་ཀྱི་ཐོག་ནས་ཁེ་ལས་ཉེན་ཆེ་བ་ཞིག་ཏུ་འགྱུར་མི་སྲིད་པ་མིན་པས། གང་ལྟར་ལྔ་ལ་རེ་བ་བརྒྱབ་པ་དེ་“བོད་རེས་བས་ཕོངས་”ཞེས་པའི་དཔེ་ལས་མ་འདས། ལྔ་ལས་ལྔ་བཅུ་རེ་བ་ཆེ་ཞིང། ཕྱིའི་དཔལ་འབྱོར་འདུ་འགོད་ཀྱི་ཐོག་ནས་ད་ལྟའི་སྲིད་སྐྱོང་གིས་ནུས་པ་ཐོན་ཡོད་པ་དེ། ཁ་གཏད་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་གིས་བོད་ཀྱི་དུས་བབ་ཀྱི་བཅར་འདྲིའི་ནང་གསལ་པོ་གསུངས་པ་བཞིན་ཡིན་མོད། ལྔ་བཅུ་ལ་རེ་བ་བརྒྱབ་ནའང་དོན་གྱིས་མི་ལོ་ལྔ་བཅུའི་རྗེས་སུ་རྒྱ་གར་དུ་ཡོད་པ་ཚང་མ་རྒྱ་གར་ཁམས་པ་ཆགས་ངེས་དང། ཕྱི་རྒྱལ་ཁག་ཏུ་ཡོད་པ་དག་དེའི་སྔོན་ནས་གཞན་དུ་འགྱུར་འགྲོ་ངེས་འདུག་ན། དེའི་ཐད་ལ་གྲ་སྒྲིག་ཡག་པོ་ཞིག་དགོས་པ་ཚང་མའི་ནང་ནས་གལ་ཆེ་ཤོས་སུ་གྱུར་ཡོད།།

མཆན་སྤེལ་ས།

མཆན་འབྲི་བ་ལ་ངེས་པར་དུ་དངོས་མིང་དང་གློག་འཕྲིན་ཁ་བྱང་དགོས། གལ་སྲིད་དངོས་མིང་མིན་ཚེ་མཆན་བསུབ་ངེས་ཡིན་ལ་རྗེས་ཕྱོགས་ཀྱང་གློག་འཕྲིན་ཁ་བྱང་དེའི་སྒང་ནས་མཆན་འབྲི་མི་ཐུབ་བཟོ་ངེས། མཆན་གྱི་ནང་དོན་གྱི་ཆ་ནས་གང་འདོད་བྲིས་ཆོག འོན་ཀྱང་མི་གཅིག་གིས་མིང་འདྲ་མིན་གྱི་ཐོག་ནས་མཆན་འདྲ་མིན་སྣ་ཚོགས་འབྲི་མི་ཆོག