བོད་ཀྱི་བང་ཆེན་ ༢༠༡༦ ཟླ་བ་ ༣ ཚེས ༡༥ ཆུ་ཚོད ༦:༤༠༠ ཕྱི་དྲོ།

ཕྱི་ཟླ་༣ ཚེས་༡༢ རེས་གཟའ་སྤེན་པའི་ཉིན་རྒྱབ་ཏུ་སྲིད་སྐྱོང་འོས་མི་ད་ལྟའི་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ངྷ་སའི་ཁུལ་གྱི་མི་མང་ལ་གསུངས་བཤད་གནང་གྲུབ་པའི་རྗེས། གསུང་བཤད་གནང་སར་ཕེབས་པའི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་གཉིས་ལ་ཟློས་གར་ཚོགས་ཁང་དུ་

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་དང་། དེ་བཞིན་སྲིད་སྐྱོང་འོས་བསྡུའི་འགྲན་རྩོད་ཁྲོད་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཕྱོགས་གང་སར་ནས་ཆོལ་ཁའི་འཐེན་འཁྱེར་སྔར་ལས་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་གནས་སྟངས་སོགས། དྲི་བ་ཁག་ཅིག་གི་ཐོག་ལ་འདི་གའི་གསར་འགོད་པས་བཅར་འདྲི་ཞུས་པ་ཡིན།

ངའི་ངོས་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གཙང་མ་ཡོད།

གསར་འགོད་པ། སྐུ་ངོ་རྒྱ་རི་སྒྲོལ་མ་ལགས་དེ་རིང་སྲིད་སྐྱོང་བློ་བཟང་སེང་གེའི་གསུང་བཤད་ལ་ཕེབས་འདུག་པས། སྐུ་ཉིད་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། སྤྱིར་བཏང་དེ་རིང་སྲིད་སྐྱོང་མཆོག་གིས་གསུངས་པ་ནང་བཞིན་བཀའ་ཤག་གི་ལས་ཀ་དེ་མཉམ་མཐུན་གྱི་འགན་རེད། དེའི་ནང་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་གི་འགོ་ཁྲིད་པའི་སྒྲིག་འཛུགས་དེའི་མཉམ་མཐུན་གྱི་འགན་ཁུར་དགོས་ཀྱི་ཡོད་རེད་ལ། འགན་ཁུར་ཏེ་ལས་ཀ་བྱེད་ནས་འགྲོ་སྡོད་ཀྱི་ཡོད་རེད། དེ་རིང་ངས་གསལ་པོ་བྱེད་ནས་ཞུ་ཡ་ཞིག་ག་རེ་འདུག་ལབ་ན། ཐེངས་འདིའི་འོས་བསྡུའི་ནང་ལ་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་ཆ་ཤས་ལེན་པའི་སྐབས། གཙོ་བོ་མ་འོངས་པའི་ལས་འཆར་ག་རེ་ཡོད་མེད་སྐོར་གསུངས་ཀྱི་ཡོད་རེད། དེ་ལས་ཀྱང་གལ་ཆེ་བ་གཅིག་ནི་འདས་པའི་ལོ་བཞི་དང་ཕྱེད་ཀའི་རིང་བཀའ་ཤག་འདིའི་ཕྱག་ལས་གནང་སྐོར་གསུངས་ཀྱི་ཡོད་རེད། དེ་བཞིན་ལས་གནས་རེ་གཉིས་ཀྱི་ཐོག་ལ་འགྲིག་མ་འགྲིག་ཏན་ཏན་ཡོང་གི་ཡོད་རྒྱུ་རེད་དེ། གཙོ་བོ་དེ་ཚོ་གསུངས་ནས་མི་མང་ནང་ཕེབས་ཀྱི་ཡོད་རེད་ལ་རྒྱུ་མཚན་དེའི་ཐོག་ནས་འོས་བཞེངས་ཀྱི་ཡོད་པའི་ངོས་འཛིན་ཞུ་ཡི་ཡོད། དེ་འདྲ་སོང་ཙང་། རང་བཞིན་གྱིས་བཀའ་ཤག་འདིའི་བཀའ་བློན་ཞིག་ཡིན་པའི་ངོས་ནས་རྒྱབ་སྐྱོར་གཙང་མ་ཡོད། དེ་ག་ནང་བཞིན་ང་རང་ཚོའི་སྤྱི་ཚོགས་དེ་སྤྱི་ཚོགས་ཧ་ཅང་ཆེན་པོ་ཞིག་མ་རེད། ང་རང་ཚོ་གཅིག་གིས་གཅིག་ངོ་མ་ཤེས་པ་དང་ར་མ་འཕྲོད་པ་ཡོད་མ་རེད། ང་རང་ལ་མཚོན་ནའང་འདས་པའི་ལོ་མང་པོ་ཞིག་གི་རིང་ལ་ངྷ་རམ་ས་ལའི་དཀྱིལ་འཁོར་འདིའི་ནང་ལས་ཀ་བྱེད་རྒྱུའི་བསོད་ནམས་ཟེར་ནའང་གོ་སྐབས་བྱུང་ཡོད། དེའི་ནང་ནས་ད་རེས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་གནས་སྟངས་ལ་ལྟ་ཡོང་དུས་སྤྱིའི་ཆ་ནས་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོད། བློ་ཕམ་སྐྱེ་དགོས་ཡ་ཡང་འདུག གཟི་བརྗིད་ཀྱི་གནས་སྟངས་དེ་འདྲའང་འདུག དེ་འདྲ་ཡིན་ཙང་། ངའི་ངོས་ནས་སྐུ་ངོ་སྤེན་པ་ཚེ་རིང་འགྲིག་མི་འདུག་ཅེས་ཞུ་ཡ་མེད། ཡིན་ནའང་ངས་བརྒྱ་ཆ་བརྒྱ་ག་རེ་མཐོང་གི་འདུག་ཞུས་པ་ཡིན་ན། སྒྲིག་གཞི་ཁག་ཡིན་ནའང་གསལ་པོ་ཡིན་པ་ཞིག་ནི། སྲིད་སྐྱོང་གི་ལས་ཡུན་ལོ་བཅུ་གནང་ཆོག་གི་ཡོད་རེད། གལ་ཏེ་མི་མང་གིས་བསྐྱར་དུ་གོ་སྐབས་གནང་པ་ཡིན་ན་ལོ་ལྔ་རེའི་ནང་འོས་བསྡུ་བྱེད་སའི་ལམ་ཞིག་ཡོད་རེད། ད་ལྟའི་བཀའ་ཤག་འདིའི་དུས་ཚོད་ནང་ལ་ལས་དོན་ཧ་ཅང་གལ་ཆེན་པོ་དེ་འདྲ་མང་པོ་ཞིག་འགོ་བཙུགས་ཐུབ་པ་བྱུང་ཡོད་རེད། འགོ་བཙུགས་ཐུབ་པ་དེ་དག་ནང་ནས་ཁ་ཤས་ཤིག་མཇུག་བསྐྱངས་ཐུབ་ཡོད་རེད། ཡང་ཁ་ཤས་ཤིག་ལས་དོན་གྱི་ངོ་བོའི་ཐོག་ནས་མུ་མཐུད་དུ་མཇུག་སྐྱོང་དགོས་ཡ་དེ་འདྲའང་ཡོད་རེད། དེ་འདྲ་ཡིན་ཙང་། ང་རང་ཚོས་བསམ་བློ་རྒྱ་ཆེ་ས་ནས་གཏོང་པ་ཡིན་ན། སྲིད་སྐྱོང་བློ་བཟང་སེང་གེ་མུ་མཐུད་དུ་སླེབས་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་རེད་བསམ་གྱི་ཡོད་ལ། རྒྱུ་མཚན་དེའི་ཐོག་ནས་ངས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་ཞུ་ཡི་ཡོད།

གསར་འགོད་པ། སྲིད་སྐྱོང་བློ་བཟང་སེང་གེ་མུ་མཐུད་དུ་སྲིད་སྐྱོང་ལ་སླེབས་དགོས་པའི་གནད་དོན་གཙོ་བོ་གང་ཐུག་ཡོད་རེད་དགོངས་ཀྱི་ཡོད་དམ།

ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། ང་ཚོ་མི་སུ་འདྲ་ཞིག་ཡིན་ནའང་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོད་རེད། ང་འདྲ་བོ་ཞིག་ཡིན་ནའང་བསམ་ཚུལ་དཔེ་ཤུགས་ཆེན་ཡོད་མཁན་དེ་འདྲ་ཡིན། ངའི་མཉམ་དུ་ལོ་མང་པོ་ལས་ཀ་བྱེད་མྱོང་མཁན་སྤྱི་འཐུས་ཚོ་ཡིན་ནའང་མཁྱེན་གྱི་རེད། ལྷག་པར་དུ་བཀའ་ཤག་ནང་གནད་དོན་མང་པོ་ཞིག་གི་ཐོག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་དང་བསམ་ཚུལ་མཐུན་མིན་ཡོང་གི་འདུག་གམ་ཟེར་ན། སྐབས་རེར་བསམ་ཚུལ་མཐུན་མིན་ཡོང་གི་འདུག་ཀྱང་། སོ་སོའི་བསམ་ཚུལ་དེ་ཞུ་དགོས་ས་ལ་ཞུས་ཡོད། ཞུ་ས་ཡང་འདུག དེ་བཞིན་མཐའ་མའི་ཐག་གཅོད་བྱས་ཏེ་ཡར་འགྲོ་པའི་སྐབས་ལ་མཉམ་དུ་འགྲོ་ཡི་རེད། དེར་བརྟེན། མཉམ་རུབ་ཀྱི་བཀའ་ཤག་ཅིག་ཡོང་ཐུབ་པ་དེ་ཞེ་དྲག་ཡག་པོ་རེད་བསམ་གྱི་འདུག རྒྱུ་མཚན་དེའི་ཐོག་ནས་ཡིན་ནའང་ཡང་བསྐྱར་མུ་མཐུད་དུ་བྱུང་ན་ཡག་པོ་ཡོད་རེད།

ཆོལ་ཁ་དང་ཆོས་ལུགས་མཐུན་འབྲེལ་ནི་སྟོབས་ཤུགས་ཀྱི་རྩ་བ་རེད།

གསར་འགོད་པ། དེང་སང་སྲིད་སྐྱོང་འོས་བསྡུའི་འགྲན་རྩོད་འགྲོ་བཞིན་པའི་སྐབས་འདིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དང་། ལྷག་པར་དུ་སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་ཁག་ཏུ་ཆོལ་ཁའི་ཞེན་ཁོག་དང་འཐེན་ཤུགས་ཀྱི་སྐད་ཆ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་འདུག་པ་དེའི་སྐོར་སྐུ་ངོ་ལགས་ལ་ཐུགས་འཚབ་གང་འདྲ་ཡོང་གི་འདུག་གམ།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་། ད་རེས་ཀྱི་འོས་བསྡུ་ཆེན་མོ་འདིའི་ནང་ལ་བློ་འཚབ་སྐྱེ་གཞི་དང་བློ་ཕམ་ཡོང་ས་ཤུགས་ཆེ་ཤོས་དེ། ཆོལ་ཁའི་ཞེན་ཁོག་དང་ལུང་ཚན་གྱི་འཐེན་འཁྱེར་ཤུགས་ཆེན་པོ་རྒྱུད་སྐུལ་འདྲ་བོ་འགྲོ་སྡོད་ཀྱི་ཡོད་པའི་བཟོ་འདུག དེས་སྤྱི་པའི་ལས་དོན་ཐོག་ལ་གནོད་སྐྱོན་དཔེ་མི་སྲིད་ཆེན་པོ་གཏོང་གི་ཡོད་རེད་བསམ་གྱི་ཡོད། ང་རང་ཡིན་ན་སྔོན་མ་ནས་དེ་འདྲ་ལ་རྒྱབ་སྐྱོར་བྱེད་མཁན་རྩ་བ་ཉིད་ནས་མིན་ལ་དགའ་པོ་ཡང་མེད། ང་རང་གི་རྩ་དོན་ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་དང་མཐུན་ཞིང་ཆོལ་ཁ་དང་ཆོས་ལུགས་རིས་མེད་ཀྱི་བསམ་བློ་གཏོང་མཁན་ཞིག་ཆགས་སྡོད་ཡོད། ཐེངས་འདིའི་འོས་བསྡུའི་ནང་དེ་འདྲའི་རིགས་ཤུགས་ཆེན་པོ་སླེབས་པ་དེས་སྤྱི་པའི་ཐོག་ལ་གནོད་སྐྱོན་གང་འདྲ་ཡོང་གི་འདུག་གམ་ཟེར་ན། ཆོལ་ཁ་དང་ཆོས་ལུགས་མཐུན་འབྲེལ་གྱི་ཐོག་ནས་གཅིག་གྱུར་དགོས་ཡ་དེ་སྟོབས་ཤུགས་ཀྱི་རྩ་བ་རེད། དེ་འདྲ་སོང་ཙང་། དཔེར་ན་མཚོན་ཆ་རྒྱབ་མདུན་གཉིས་ཀ་རྣོ་ཡོད་མཁན་ཞིག་ཡིན་ན། ཁ་གཏད་ལ་ཕར་གཞུས་ན་ཡག་པོ་གཞུ་ཐུབ་ཀྱང་། ཡག་པོ་གཞུ་མ་ཐུབ་ན་སོ་སོའི་སྒང་ལ་ཚུར་ཕོག་སྟེ་རང་ཉིད་དུམ་བུ་ལ་འགྲོ་ཡ་དང་། བོད་སྤྱི་པ་དུམ་བུ་ལ་འགྲོ་ཡའི་ཉེན་ཁ་སྔོན་མ་ནས་ཆེན་པོ་མཐོང་སྡོད་ཡོད། ད་རེས་ཀྱི་འོས་བསྡུའི་ནང་ལ་འོས་མི་རྣམ་པ་གཉིས་ཀྱི་ངོས་ནས་དེ་འདྲ་ཡོང་གི་ཡོད་མེད་ང་ལ་བཤད་ཡ་མེད་དེ། འོས་མི་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ངོས་ནས་དེ་འདྲ་བེད་སྤྱོད་མང་པོ་གཏོང་གི་འདུག་བཱ། དེ་ཚོའི་རིགས་ལ་ཕྱོགས་གང་ནས་བལྟས་པ་ཡིན་ནའང་རྒྱུ་མཚན་ལྡན་པ་ཞིག་རེད་མི་འདུག་ལ། གཉིས་ནས་སྤྱི་པའི་དོན་ལ་གནོད་ཡ་མ་གཏོགས་ཕན་ཡ་མི་འདུག དེ་འདྲ་སོང་ཙང་། དེ་ཚོའི་གྲས་དེ་རྩ་བ་ཉིད་ནས་ཡག་པོ་མི་འདུག རང་ངོས་ནས་འབོད་སྐུལ་ཞུ་རྒྱུར། རྒྱ་ཆེའི་མང་ཚོགས་ནས་མཁྱེན་དགོས་པ་ཞིག་ལ་མང་གཙོའི་སྒྲོམ་གཞི་འདིའི་ནང་ལ་ཆོལ་ཁ་དང་ཆོས་ལུགས་རིས་མེད་ཀྱི་ཐོག་ནས། འགོ་ཁྲིད་བདམ་རྒྱུའི་རྐུབ་བཀྱགས་གཅིག་ཡོད་པ་དེ་སྲིད་སྐྱོང་གི་ཞབས་སྟེགས་ཆགས་སྡོད་ཡོད་རེད། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་གང་ཟག་དེའི་ཤེས་ཚད་དང་འཇོན་ཐང་། ལྷག་བསམ། དེ་བཞིན་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཐུན་པའི་ཐོག་ནས་བོད་སྤྱི་པའི་རྩ་དོན་ལ་བསམ་བློ་ག་རེ་གཏོང་གི་འདུག ལས་འཆཪ་ག་རེ་ཡོད་མེད་སོགས་ལ་བལྟས་ནས་འོས་ཤོག་བླུག་དགོས་རེད་མ་གཏོགས། ཁོང་ཆོལ་ཁ་འདི་ནས་རེད། ཁྱོད་ཆོལ་ཁ་དེ་ཡིན་པའི་ཆ་ནས་ཁོང་ལ་འོས་བླུག་དགོས་རེད་ཟེར་ཡ་བཟོ་འདྲ་བོ་དེ་ཚོ་སྤྱི་པའི་ཐོག་ལ་ཞེ་དྲག་གི་གནོན་སྐྱོན་ཆེན་པོ་ཡིན་པ་ཞིག་ལ་ངས་ངོས་འཛིན་ཞུ་ཡི་ཡོད་ལ། དེ་ཚོའི་རིགས་ལ་བློ་འཚབ་ཆེན་པོ་སྐྱེ་ཡི་འདུག་ཅེས་ཞུ་ཡ་ཡིན།

གསར་འགོད་པ། སྐུ་ཉིད་དེ་རིང་འདིར་སྲིད་སྐྱོང་གི་གསུང་བཤད་གནང་སར་ཕེབས་འདུག་པས། ཁྱོད་ཀྱིས་རྒྱུ་མཚན་གང་ལ་བརྟེན་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གནང་གི་ཡོད་དམ།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་། གཙོ་བོ་བོད་སྤྱི་པའི་རྩ་དོན་དང་སྤྱི་པའི་ལས་དོན་ཐོག་ལ་ཡག་པོ་ཞིག་ཡོང་གི་རེད་བསམ་པའི་གདེང་ཚོད་ཀྱི་ཐོག་ནས་ཡིན། སྤྱིར་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་མང་པོ་ཡོད། སྐུ་ངོ་བློ་བཟང་སེང་གེ་ལྷན་རྒྱས་ལ་ཐོག་མར་ངས་ཤེས་རིག་དྲུང་ཆེའི་ཞབས་ཞུ་ཞུས་པ་དང་། དེ་ནས་བཀའ་ཤག་གི་བཀའ་བློན་ཕྱག་རོགས་བྱས་ཏེ་ཞབས་ཞུ་ཞུས་དང་ཞུ་བཞིན་པ་རེད། དངོས་གནས་དྲང་གནས་འགོ་ཁྲིད་ཡང་དག་པ་ཞིག་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་ཐུབ་མཁན། གཉིས་ནས་ལྷག་བསམ་དང་ཤེས་ཚད། དེ་བཞིན་གོང་དུ་ཞུས་པ་ལྟར་ཁོང་རང་(སྲིད་སྐྱོང་བློ་བཟང་སེང་གེ) ཡིན་ན་ཡང་ཆོལ་ཁའི་ཞེན་ཁོག་གང་ཡང་མེད་པའི་ཐོག་ནས་འོས་འདེམས་བྱུང་པ་ནང་བཞིན། ཁོ་རང་གིས་སྤྱི་པའི་དོན་དུ་བསམ་བློ་གཏོང་སྟེ་ལས་ཀ་བྱེད་ཀྱི་འདུག་པ་མ་ཟད། ངས་ཁོང་མཉམ་དུ་ལས་ཀ་བྱས་པའི་རིང་ལ་ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱེར་ཡོད་པ་དེ་འདྲའི་གནས་ཚུལ་གོ་ཡ་དང་མཐོང་ཡ་རྩ་བ་ནས་མ་བྱུང་། དེ་བཞིན་བཀའ་ཤག་འདིའི་སྐབས་ལ་ལས་གཞི་མང་པོ་ཞིག་བརྩམས་ཡོད་རེད། ཁ་ཤས་འགོ་བཙུགས་ཀྱི་ཡོད་རེད། ཁ་ཤས་བྱས་དང་བྱེད་བཞིན་པ་རེད། ཁ་ཤས་མཇུག་སྒྲིལ་གྱི་ཡོད་རེད། དེ་འདྲ་ཡིན་དུས། ལས་གཞི་དེའི་རིགས་མུ་མཐུད་དུ་ཕར་འགྲོ་དགོས་ཡ་དེ་གལ་ཆེན་པོ་རེད། ཡང་ལོ་ལྔའི་རིང་ལ་དགོས་མེད་ཀྱི་འགྱུར་བ་ཞིག་གཏོང་གིན་སྡོད་ན་ཕན་ཐོགས་ཡོད་མ་རེད་བསམ་གྱི་འདུག ད་ལྟའི་འཛིན་སྐྱོང་འདི་མུ་མཐུད་ནས་འགྲོ་ཐུབ་པ་ཡིན་ན་བོད་སྤྱི་པའི་ཐོག་ལ་ཡིན་ནའང་ཕན་ཐོགས་ཆེན་པོ་འདུག་བསམ་པའི་ཐོག་ནས་རྒྱབ་སྐྱོར་ཞུས་པ་ཡིན་”ཞེས་གསུངས་སོང་།།

མཆན་སྤེལ་ས།

མཆན་འབྲི་བ་ལ་ངེས་པར་དུ་དངོས་མིང་དང་གློག་འཕྲིན་ཁ་བྱང་དགོས། གལ་སྲིད་དངོས་མིང་མིན་ཚེ་མཆན་བསུབ་ངེས་ཡིན་ལ་རྗེས་ཕྱོགས་ཀྱང་གློག་འཕྲིན་ཁ་བྱང་དེའི་སྒང་ནས་མཆན་འབྲི་མི་ཐུབ་བཟོ་ངེས། མཆན་གྱི་ནང་དོན་གྱི་ཆ་ནས་གང་འདོད་བྲིས་ཆོག འོན་ཀྱང་མི་གཅིག་གིས་མིང་འདྲ་མིན་གྱི་ཐོག་ནས་མཆན་འདྲ་མིན་སྣ་ཚོགས་འབྲི་མི་ཆོག