རེས་གཟའ་སྤེན་པའི་ཉིན་སྲིད་སྐྱོང་འོས་མི་བློ་བཟང་སེང་གེས་ངྷ་སའི་ཁུལ་གྱི་མི་མང་རྣམས་ལ་འདས་པའི་ལོ་བཞི་ལྷག་རིང་གི་ལས་དོན་གནང་ཕྱོགས་དང་། མ་འོངས་པའི་ལས་འཆར་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སོང་།

ཟླ་༣ཚེས་༡༢ རེས་གཟའ་སྤེན་པའི་ཉིན་གུང་ཆུ་ཚོད་༡༢ ནས་༢ པའི་བར་ངྷ་སར་ཡོད་པའི་སྲིད་སྐྱོང་བློ་བཟང་སེང་གེའི་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག བཞུགས་སྒར་ངྷ་ས་བོད་གཞུང་ཟློས་གར་ཚོགས་ཁང་དུ་ངྷ་སའི་ཁུལ་གྱི་མི་མང་ལ་སྲིད་སྐྱོང་འོས་མི་ད་ལྟའི་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་བཤད་གནང་སོང་བ་དང་། གསུངས་བཤད་མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དོན་གྲུབ་ལགས། གཞན་ཡང་བོད་མི་མང་སྤྱི་འཐུས་ཁག་ཅིག་གཙོས་པའི་ངྷ་སའི་ཁུལ་གྱི་མང་ཚོགས་ཧ་ཅང་མང་པོ་ཕེབས་འདུག

སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་བཅུ་བཞི་པའི་ངོས་ནས་འདས་པའི་ལོ་བཞི་དང་ཕྱེད་ལྷག་གི་རིང་བཙན་བྱོལ་བོད་མའི་ཤེས་ཡོན་དང་དཔལ་འབྱོར། འཕྲེན་བསྟེན། སྤྱི་ཚོགས། བོད་རྒྱ་འབྲེལ་མོལ། བོད་ནང་གི་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་རག་ཐབས་སོགས་ཀྱི་ཆེད་དུ་ཕྱག་ལས་གང་ཞིག་གནང་ཡོད་མེད་སྐོར་ངོ་སྤྲོད་གསུང་བཤད་གནང་བ་དང་སྦྲགས། ཁོང་གིས་ཐེངས་འདིའི་གསུང་བཤད་དམིགས་སུ་བཀར་ཏེ་སྐབས་སྲིད་སྐྱོང་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ་བཅའ་སྡོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་པས། དབྱིན་ཡིག་གི་M ལྔའི་དམིགས་འབེན་ཐོག་ནས་ཕྱི་འབྲེལ་གྱི་སྲིད་ཇུས་འཛིན་བཞིན་པའི་སྐོར་དཔེ་མཚོན་དང་བཅས་འགྲེལ་བརྗོད་ཞིབ་ཕྲ་གནང་སོང་།

དེ་བཞིན་ཁོང་གིས་མ་འོངས་པའི་ལས་འཆར་སྐོར་ལའང་ད་ལྟའི་བཀའ་ཤག་གིས་འདས་པའི་ལོ་བཞི་ལྷག་གི་རིང་འབད་བརྩོན་བྱས་པའི་གྲུབ་འབྲས་ཀྱི་རྨང་གཞིའི་འོག འབྱུང་འགྱུར་བཙན་བྱོལ་བོད་མིའི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་དང་འཕྲོད་བསྟེན། ཆོས་རིག་གཞུང་དང་སྐད་ཡིག གཞིས་ཆགས་སྲ་བརྟན་དང་གསར་འབྱོར་གྱི་དཀའ་ངལ་སེལ་ཐབས་སོགས་མུ་མཐུད་ཡར་རྒྱས་འཐུས་ཚང་དུ་གཏོང་པའི་ཐོག སྔར་མེད་ཀྱི་ལས་གཞི་མང་པོ་ཞིག་གསར་ཏུ་སྤེལ་འཆར་ཡོད་སྐོར་སོགས་གསུངས་ཏེ་ཆུ་ཚོད་གཅིག་རིང་གི་གསུང་བཤད་གནང་གྲུབ་པའི་རྗེས། མང་ཚོགས་ཀྱི་དྲི་བ་ཁ་ཤས་ཤིག་ལ་ལན་འདེབས་གནང་སྟེ་ལས་རིམ་ཡོངས་སུ་མཇུག་བསྡུས་སོང་།།

མཆན་སྤེལ་ས།

མཆན་འབྲི་བ་ལ་ངེས་པར་དུ་དངོས་མིང་དང་གློག་འཕྲིན་ཁ་བྱང་དགོས། གལ་སྲིད་དངོས་མིང་མིན་ཚེ་མཆན་བསུབ་ངེས་ཡིན་ལ་རྗེས་ཕྱོགས་ཀྱང་གློག་འཕྲིན་ཁ་བྱང་དེའི་སྒང་ནས་མཆན་འབྲི་མི་ཐུབ་བཟོ་ངེས། མཆན་གྱི་ནང་དོན་གྱི་ཆ་ནས་གང་འདོད་བྲིས་ཆོག འོན་ཀྱང་མི་གཅིག་གིས་མིང་འདྲ་མིན་གྱི་ཐོག་ནས་མཆན་འདྲ་མིན་སྣ་ཚོགས་འབྲི་མི་ཆོག