ཕྱག་རོགས་བཀའ་བློན་བདུན་དང་ཁམས་པའི་འཁོར། །གཤམ་འོག་ལས་བྱེད་རྣམས་དང་སྤྱི་འཐུས་དང་། །རང་དབང་ཅན་དང་ཟུར་སྐྱོང་སྡེ་ཚན་བཅས། །གནག་སེམས་མཐུན་པའི་ཕྱོགས་གཏོགས་གར་གནས་པ། །བཀུར་འོས་རྣམས་ལ་གུས་པས་ཕྱག་བྱས་ནས། །པེ་ཅིང་མཁར་ནས་གསང་སྔགས་ཚིག་ཕྱུང་སྟེ། །གང་གིས་བསྔགས་པ་ནང་མར་བཀའ་བསྩལ་པའི།

དཔལ་ལྡན་བློ་སེང་རྗེ་ལ་བསྟོད་པར་བྱ། །བླ་མ་ཧ་ཀྲའི་གཞིས་ཆགས་ཆུང་ཆུང་དུ། །ལེགས་འཁྲུངས་བལ་ཕྲུག་ལྷན་དུ་འཚར་ལོངས་ཤིང་། །བ་ཕྱུགས་བཙོང་ནས་གཞི་རིམ་སློབ་གྲྭར་བསྐྱོད། །མཐོ་སློབ་འགྲིམས་སྐབས་རྒྱ་གར་ལྡི་ལི་རུ། །བོད་སོག་ཨུ་ཡོན་བཅོ་ལྔ་ཚེ་རིང་གི །ཡིག་ཆ་འཕྲོག་སྟེ་ཐེ་ཝན་ཕོགས་ཟན་རྣམས། །ངོ་རྟགས་ཆོད་པས་རྒྱལ་གཅེས་དཔའ་བོ་ཞེས། །སྙན་པའི་གྲགས་པ་རྒྱ་བལ་ཀུན་ཁྱབ་པ། །བཙན་བྱོལ་ན་གཞོན་རྣམས་ཀྱི་དཔེ་གཅིག་པུ། །སློབ་བཟང་སངས་རྒྱས་ཁྱོད་ལ་བདག་ཕྱག་འཚལ། །ཆུ་སྒང་དྲུང་ཆེའི་མཛད་འགན་བཞེས་པའི་དུས། །ཁམས་པའི་གསང་བ་བདེ་སྲུང་ལས་ཁུངས་ལ། །ཕུལ་བས་ཧར་ཝ་ཌེ་ཡི་སློབ་ཡོན་དང་། །མ་འོངས་མདུན་ལམ་ཕྱེས་ལ་བདག་ཕྱག་འཚལ། །སྐུ་གཟུགས་འདྲོངས་ཤིང་ཞལ་ནི་ཤིན་ཏུ་མཛེས། །ཕོ་ཉམས་དོད་ཅིང་སྨྲ་ལྕེ་བདེ་བ་ཅན། །ཁྲིམས་ཀྱི་འབུམ་རམས་ལག་ཁྱེར་བཞེས་མཛད་པ། །རྒྱ་དང་རྒྱ་མོ་མང་པོར་འགྲོགས་འདྲིས་ཟབ། །རང་དོན་སྒྲུབ་པའི་ལས་ལ་ཐོགས་མེད་པས། །ཉིན་ཞག་གཅིག་ལ་ཁང་པ་ཉོ་ཐུབ་པའི། །རིག་སྔགས་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ། །དབང་དང་ཐོབ་ཐང་གོ་ས་མཐུན་རྐྱེན་སོགས། །སུ་དང་གང་ལ་དགོས་མཁོ་ནམ་བྱུང་སྐབས། །ཁེ་ཕན་དྲན་ནས་ཁྱོད་ལ་སྐྱབས་འཆའ་ན། །བདག་ལ་ཁེ་བཟང་རྟག་པར་གནང་དུ་གསོལ། །ཚོགས་ཟུར་སྣང་ར་སྤེན་པ་ཚེ་རིང་དང་། །སྐུ་ཚབ་འབའ་བ་སྐལ་བཟང་རྒྱལ་མཚན་དང་། །དྲུང་ཟུར་མི་འགྱུར་རྡོ་རྗེ་ལ་སོགས་པ། །ཁྱོད་ཞལ་དྲན་པ་ཙམ་གྱིས་བཟློག་ཏུ་གསོལ། །རང་སྣང་མཐོ་བའི་གཤམ་འོག་ལས་བྱེད་པས། །བདག་ཅག་རྣམས་ལ་གུས་བརྩི་མེད་པ་དང་། །དམའ་འབེབས་བྱེད་པའི་སྤྱོད་ངན་མགོ་མཁྲེགས་རྣམས། །འཕོ་འགྱུར་གཏོང་ལ་སྲིད་སྐྱོང་ལག་མི་འདར། །མདོར་ན་ཁམས་པའི་ཀྲུའུ་ཞི་བློ་སེང་རྗེ། སྐྱབས་སུ་བཟུང་ནས་རེ་བ་འཆའ་བ་ཡི།།ཚུལ་འདི་དགོངས་ལ་ཁམས་རིགས་ཀུན་དགའ་ཞིང་། །དོལ་ཕྲུག་མ་ལུས་བསམ་དོན་འགྲུབ་པར་མཛོད། །རྒྱ་འདྲེའི་གཙུག་ནས་བློ་སེང་མཆོག་གྲུབ་ཅེས། །དགྲ་དང་ཁ་གཏད་རྒྱ་ཆེའི་མང་ཚོགས་ཀུན། །ཁྲག་བཞིན་དཀྲུག་ལ་རྔམས་པའི་གཟི་བརྗིད་ཅན། བློ་སེང་རྗེ་ཁྱོད་ངན་མཐུ་རྒྱས་པར་མཛོད།།ཨུ་ཐུག་དམངས་ཀྱི་དམོད་གཏེར་ལས་འཁྲུངས་ཤིང་། །བོད་མིའི་སྒྲིག་འཛུགས་རྩིག་རྨང་གཏིང་བྲུས་ནས། །བདེ་བླག་འཐོར་ཞིག་མྱུར་དུ་གཏོང་མཛད་པའི། །ཀྲུའུ་ཞི་བློ་བཟང་སེང་གེ་ད་བསྐྲད་ཅིག །སྲིད་སྐྱོང་བློ་སེངའཁོར་ཚོགས་རྣམས། །རྫུན་ཁྲམ་ཐོགས་པ་མི་མངའ་ཞིང་། །སྲིད་དབང་སྒེར་གཅོད་མཐུ་བཙན་པས། །རྒྱ་མིས་འཐབ་ཇུས་བཏིང་བ་བཞིན། །ཁམས་རིགས་དོལ་ཚོགས་དར་བ་དང་། །བོད་མིའི་སྒྲིག་འཛུགས་འཐོར་གྱུར་ཅིག །སྐྱབས་བཅོལ་བོད་མི་ཐམས་ཅད་ཀྱི། །ངོ་རྒོལ་ཁྲོམ་སྐོར་བཟློག་ཏུ་གསོལ། །བྱ་སྤུའི་སྒྲིག་འཛུགས་ངན་པ་ཟློག །ཁྲིམས་དང་སྒྲིག་གཞི་ངན་པ་ཟློག །སྒེར་རྩོད་བསམ་སྦྱོར་ངན་པ་ཟློག །ལྟས་ངན་གདན་ཐོབ་གྱ་གཅིག་ཟློག །ཨ་སྒོར་ས་ཡ་གཅིག་ཕྱེད་ཟློག །སྐྱག་རྫུན་སུམ་བརྒྱ་དྲུག་ཅུ་ཟློག །གཡོ་འཕྲུལ་བཞི་བརྒྱ་རྩ་བཞི་ཟློག །ཧམ་བཤད་སྟོང་ཕྲག་བརྒྱད་ཅུ་ཟློག །ཚུལ་མིན་རང་ཤེད་རྣམ་བརྒྱད་ཟློག །མཚན་གྱི་ཟ་རོགས་སྐལ་རྡོར་ཟློག །ཉིན་གྱི་ཉལ་རོགས་ཟླ་སྒྲོན་ཟློག །དངོས་ཚེ་གཤེད་དུ་བསྐོས་པ་ཟློག །དམངས་ལ་མགོ་སྐོར་གཏོང་བ་ཟློག །བླ་མར་དབུ་སྐོར་ཞུས་པ་ཟློག །གཡུ་ཐོག་སྲོག་རླུང་འཕར་བ་ཟློག །ཧེབ་དང་ཟ་རྔམ་ལངས་པ་བཟློག་ཏུ་གསོལ། །ཞེས་གཙུག་ཏོར་གདུགས་དཀར་ལ་བརྟེན་པའི་ཟློག་པ་འདི་གྲུབ་ཆེན་ལས་ཀྱི་ཐལ་སྙིགས་པས་སྦྱར་བའོ།

མཆན་སྤེལ་ས།

མཆན་འབྲི་བ་ལ་ངེས་པར་དུ་དངོས་མིང་དང་གློག་འཕྲིན་ཁ་བྱང་དགོས། གལ་སྲིད་དངོས་མིང་མིན་ཚེ་མཆན་བསུབ་ངེས་ཡིན་ལ་རྗེས་ཕྱོགས་ཀྱང་གློག་འཕྲིན་ཁ་བྱང་དེའི་སྒང་ནས་མཆན་འབྲི་མི་ཐུབ་བཟོ་ངེས། མཆན་གྱི་ནང་དོན་གྱི་ཆ་ནས་གང་འདོད་བྲིས་ཆོག འོན་ཀྱང་མི་གཅིག་གིས་མིང་འདྲ་མིན་གྱི་ཐོག་ནས་མཆན་འདྲ་མིན་སྣ་ཚོགས་འབྲི་མི་ཆོག