བདག་མིང་བློ་བཟང་མི་ཡི་སེང་གེ་ཞེས་བགྱི་བ། རྫུན་ཁྲམ་ལ་སྐྱབས་སུ་མཆིའོ། །ཧམ་ཤེད་ལ་སྐྱབས་སུ་མཆིའོ། །འདོད་རྔམ་ལ་སྐྱབས་སུ་མཆིའོ། །དེང་སང་འཇིག་རྟེན་འདིའི་ཁམས་ཐམས་ཅད་ན་ཆོལ་ཞེན་དང་ཆོས་ཞེན་གྱི་དུག་ཆུས་སྨྱོས་པའི་འདོད་མཐུན་གང་ཇི་སྙེད་ཅིག་འདུས་ཏེ་བཟི་ཞིང་འཐོམ་པའི་ཁམས་རིགས་དང་དོལ་ཕྲུག་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ།

བདག་གིས་སྲིད་སྐྱོང་ལས་ཡུན་འདི་དང་། ལས་ཡུན་སྔ་མའི་འགོ་བཙུགས་པ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བྱེད་སྒོ་ཐམས་ཅད་དུ་རྫུན་ཁྲམ་གྱི་ལས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། ལས་བྱེད་རྒན་རབས་དང་། ལས་བྱེད་འཇོན་པོའམ། སྤྱི་སེམས་ལྷག་བསམ་ལྡན་པ་མང་པོ་ཞིག་ཕུད་པ་དང་། འབུད་དུ་བཅུག་པ་དང་། ཕུད་པ་ལ་རྗེས་སུ་ཡི་རང་བའམ། དགའ་ཉེ་མཐུན་གྲོགས་ཚོར་བྱ་སྤུ་ནོན་དང་མི་མཐུན་པའི་ཁེ་བཟང་སྤྲད་པ་དང་། སྤྲོད་དུ་བཅུག་པ་དང་། སྤྲད་པ་ལ་རྗེས་སུ་ཡི་རང་བའམ། གཏམ་གྲགས་འཐོབ་ཕྱིར་མི་བདེན་པའི་འུར་གཏམ་བཤད་པ་དང་། ཤོད་དུ་བཅུག་པ་དང་། བཤད་པ་ལ་རྗེས་སུ་ཡི་རང་བའམ། མགོ་མཁྲེགས་ཀླད་སྟོང་ཁྱོད་རྣམས་ཀྱི་ཁ་ཤེད་དབང་འོག་ཏུ་ཚུད་ནས་བདག་གིས་ཤེས་ཡོན་སྲིད་ཇུས་བཤིག་པའམ། བོད་མིའི་ཆིག་སྒྲིལ་གཏོར་བའམ། གཞུང་གི་སྒྲིག་འཛུགས་གཙབས་པའམ། སྲིད་དབང་སྒེར་གཅོད་དམ། ཕྱག་རོགས་བཀའ་བློན་ཚོར་མཐོང་ཆུང་ངམ། གྲོས་ཚོགས་ལ་དབུ་སྐོར་རམ། མང་ཚོགས་ལ་བརྡབ་གསིག་གམ། ཁྲིམས་སྒྲིག་ལ་རྡོག་རོལ་དང་། བླ་མའི་སྐུ་དབང་ལ་འཆང་འཇུས་དང་བླ་མ་ལག་པ་འཕྱིད་ས་བྱས་པའི་ནོར་འཁྲུལ་གྱི་གཏམ་སྤྱོད་གང་ལགས་པ་དེ་དག་ཐམས་ཅད་བོད་ཕྱི་ནང་གི་རང་རིགས་མིག་དབང་གསལ་བ། རྣམ་དཔྱོད་ལྡན་པ། དཔང་དུ་གྱུར་པ། ལྷག་བསམ་ལྡན་པ། མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །ངོ་རྒོལ་ལས་འགུལ་སྤེལ་མཁན་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་ལས་ཡུན་འདི་དང་། ལས་ཡུན་སྔ་མའི་དམ་འབུལ་སྐབས་སུ་ཁས་ལེན་སྟོང་པ་བྱས་པ་ནས་འོས་བསྡུ་ཆེན་མོའི་སྐབས་སུ་འཁྲབ་སྟོན་འདྲ་མིན་བྱས་པ་ཐ་ན་དུས་འཁོར་དབང་ཆེན་ཙམ་ཡང་འོས་ཐོབ་ཆེད་དུ་བེད་སྤྱོད་ལོག་པར་བཏང་སྟེ་བླ་མ་དགོངས་ཚོམ་འབྱུང་དུ་བཅུག་པ་དང་། བདག་གིས་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་བཞུགས་གྲལ་འགྱུར་བ་བཏང་བ་དང་། བདག་གིས་སྤྱི་འཐུས་རྒྱུན་ལས་ལ་ཁྲིམས་འགལ་གྱི་མ་ཉེས་ཁག་གཡོགས་བྱས་པ་དང་། བདག་གིས་འོས་བསྡུའི་ཁ་གཏད་ལ་དགྲ་ཤ་ལེན་ནོར་ཤོར་བ་དང་། བདག་གིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་མིན་ལུགས་བསྒྲགས་པ་དང་། བདག་གིས་ཨ་རིའི་ཁྲིམས་དང་རྩིས་ཀྱི་འགྲོ་ལུགས་ལ་འགལ་སྐྱོན་བྱས་པ་དང་། བདག་གིས་ཨ་ནེ་སྙིད་མོར་ཆགས་སེམས་ཤོར་བའི་ནོར་འཁྲུལ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་ལྷག་བསམ་མ་འཕྱུག་པ་དང་། སྙིང་སྟོབས་མ་འཕྲུག་པ་དང་། དྲང་བདེན་གྱི་རྒྱབ་རྩ། མང་ཚོགས་ཀྱི་ལས་འགུལ་འདིར་ཡོངས་སུ་བསྔོ་བས་འདིའི་རྗེས་ཀྱི་སྤྱི་འཐུས་གྲོས་ཚོགས་ར་བའི་ནང་དུའང་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་ཁམས་རིགས་དང་དོལ་ཕྲུག་རྣམས་ཀྱིས་ཡོངས་སུ་ནོར་བ་དང་། ཇི་ལྟར་མ་འོངས་པའི་ཁམས་རིགས་དང་དོལ་ཕྲུག་རྣམས་ཀྱིས་ཡོངས་སུ་ནོར་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་དཀྲུག་བཞིན་པའི་ཁམས་རིགས་དང་དོལ་ཕྲུག་རྣམས་ཀྱིས་ཡོངས་སུ་ནོར་འཁྲུལ་བཟོ་བཞིན་པ་དེ་དག་བདག་གིས་ཀྱང་ཡོངས་སུ་ནོར་བ་མཐོང་ངོ་། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །མི་དམངས་ལས་འགུལ་ལ་ནི་ཧ་ཅང་སྐྲག་གོ། །སྤྱི་འཐུས་ཐམས་ཅད་ལ་ནི་དགོངས་དག་ཐུགས་བདེན་ཞུ་འོ། །བདག་ལ་ཡིད་ཆེས་མེད་པའི་གྲོས་འཆར་འདོན་མ་དགོས་པར་གྱུར་ཅིག །མི་རྗེ་བདག་ལ་ངན་རྒྱབ་ད་དུང་བྱེད་མཁན་དང་། །གང་དག་འགྱུར་བ་དག་དང་དེ་བཞིན་བློ་ལོག་སྟེ། །ངོ་རྒོལ་ལས་འགུལ་མཐའ་ཡས་རྒྱ་མཚོ་ཁྱོན་ཀུན་ལ། །ཐལ་མོ་སྦྱར་ཏེ་འཇགས་ཐབས་སྐྱབས་སུ་ཉེ་བར་མཆིའོ། །གཡུ་ཐོག་ཁོ་པས་བཤད་པ་དང་། །བདག་གིས་ནོར་ཝེ་ཁུལ་དང་ནི། །ཁེ་ན་ཊ་ལ་གང་བཤད་པ། །དོན་ཚན་བཅུ་བཅས་ཕྱིར་འཐེན་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །དོན་གཅོད་འཕོ་འགྱུར་གཏོང་ནོར་ཤོར་གྱུར་ཏེ། །གསལ་བཤད་གསལ་བསྒྲགས་དགོས་མེད་རིམ་སྤེལ་བ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཐོག་མ་ཉིད་ནས་ད་ལྟའི་བར། །སྲིད་དབང་འཛིན་དང་གཏམ་གྲགས་སླད། །སེམས་ནི་ཉོན་མོངས་དབང་གྱུར་པས། །ནོར་འཁྲུལ་ཐམས་ཅད་བཤགས་པར་བགྱི། །བཟོད་གསོལ་ཞུ་དང་འགྱོད་ཅིང་བཤགས་པ་དང་། །ད་ནི་གནོང་གིས་བསྐུལ་ཞིང་གསོལ་བ་ཡིས། །ནོར་འཁྲུལ་ཆེ་ཆུང་བདག་གིས་ཅི་བསགས་པ། །ཐམས་ཅད་དག་སྟེ་སྐྱོན་མེད་ཐར་བར་ཤོག

སྟོབས་རྒྱལ་ཚེ་རིང་མིང་འཛིན་པས་ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ཉིན་ཡུལ་ཝ་ར་ན་སི་ནས་སྦྱར་བ་དགེའོ།

མཆན་སྤེལ་ས།

མཆན་འབྲི་བ་ལ་ངེས་པར་དུ་དངོས་མིང་དང་གློག་འཕྲིན་ཁ་བྱང་དགོས། གལ་སྲིད་དངོས་མིང་མིན་ཚེ་མཆན་བསུབ་ངེས་ཡིན་ལ་རྗེས་ཕྱོགས་ཀྱང་གློག་འཕྲིན་ཁ་བྱང་དེའི་སྒང་ནས་མཆན་འབྲི་མི་ཐུབ་བཟོ་ངེས། མཆན་གྱི་ནང་དོན་གྱི་ཆ་ནས་གང་འདོད་བྲིས་ཆོག འོན་ཀྱང་མི་གཅིག་གིས་མིང་འདྲ་མིན་གྱི་ཐོག་ནས་མཆན་འདྲ་མིན་སྣ་ཚོགས་འབྲི་མི་ཆོག